སྐད་གྲགས་ཆོད་པའི་བྱས་རྗེས་མེད་ན་ཡང་། རང་འཁྲིའི་ལས་གནས་བརྟན་སྲུང་བྱེད་པར་གཞོལ།

འདི་ནི་སྙན་རོང་རྫོང་ཁྲ་འདམ་ཤང་དམར་པོ་གྲོང་ཚོའི་སྐྱེ་ཁམས་སྲུང་སྐྱོང་བས་སྤང་སྟེང་གི་འཁྱགས་པ་གཅོག་བཞིན་པ། (ཚེ་དཔག་སྐྱབས་ཀྱིས་པར་བརྒྱབ)
ཀྱག་ཀྱོག་གི་རི་ལམ་བརྒྱུད་རླངས་འཁོར་སྙན་རོང་རྫོང་གི་ཕྱོགས་སུ་མགྱོགས་མོར་བསྐྱོད། སྐོར་གཡེང་གི་ལམ་བུ་འདི་དེ་ཙམ་བདེ་པོ་ཞིག་མིན་ཡང་བསམ་ཡུལ་ལས་འདས་པའི་ངོ་མཚར་ལྡན་པ་ཞིག་རེད་ལ། རི་ལམ་ལ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ས་གཞིའི་གདོད་མའི་རྣམ་པ་མཐོང་ཐུབ་ཀྱི་འདུག
ད་རེས་འགྲོ་ས་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་བྱང་ཐང་ཁུལ་སྙན་རོང་ཡུག་ཁུལ་ཡིན་པ་དང་། དེ་ནི་འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུའི་ཆུ་འགོ་གཙོ་བོ་ཞིག་ཡིན་པ་མ་ཟད། བྱང་ཐང་དང་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཀྱི་བར་བརྒལ་ཁུལ་ཡིན་པའི་ངོས་ནས་རི་སྐྱེས་སྲོག་ཆགས་རྒྱུ་སའི་བར་ཁྱམས་གཙོ་བོ་ཞིག་ཀྱང་རེད།
“ང་ལ་སྐོར་གཡེང་བ་གཞན་ལྟ་བུའི་སྐད་གྲགས་ཆོད་པའི་བྱས་རྗེས་སྟོན་རྒྱུ་མེད”ཅེས་ཅུང་ངོ་ཚ་སྨིན་པའི་སྐད་ཆས་རླངས་འཁོར་ནང་རེ་ཞིག་ཁུ་སིམ་མེར་གནས་པ་དེ་གཞི་ནས་དཀྲོགས་སོང་། སྐད་ཆ་ཤོད་མཁན་དེ་ནི་སྙན་རོང་རྫོང་ཁྲ་འདམ་ཤང་དམར་པོ་གྲོང་ཚོའི་སྐྱེ་ཁམས་སྲུང་སྐྱོང་བ་ཚེ་དཔག་སྐྱབས་རེད། ལོ་25ལ་སླེབས་ཤིང་ས་མཐོའི་གྲང་རླུང་གིས་གཙེས་ནས་ངོ་གདོང་ཅུང་དམར་སྨུག་ཆགས་པའི་ཁོང་གིས“ངས་བསྒྲུབས་པའི་ལས་ཀ་ནི་འབྲོག་པ་ཚང་མས་བྱེད་པའི་ལས་ཀ་དང་ཁྱད་པར་མེད”ཅེས་བཤད།
2021ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་རེད། བྱང་ཐང་ས་ཁོངས་སུ“དུད་ཚང་རེར་ལས་གནས་རེའི”སྐྱེ་ཁམས་སྲུང་སྐྱོང་བའི་སྤྱི་ཕན་ལས་གནས་སྤྲོད་པའི་སྲིད་ཇུས་ཁྱབ་གདལ་བཏང་། དུད་ཚང་ཚན་པར་བྱས་ཏེ་དུད་ཚང་རེ་ནས་ལག་ཁྱེར་ཡོད་པའི་མི་རེ་བཏང་སྟེ། གངས་རི་དང་། མཚོ་དང་མཚེའུ། རྩྭ་ར། འདམ་ར། རི་སྐྱེས་སྲོག་ཆགས་བཅས་སྲུང་སྐྱོང་དང་རྩྭ་རའི་མེ་ཟོན་སོགས་དོ་དམ་སྲུང་སྐྱོང་གི་ལས་འགན་ཁུར་ཞིང་། 2023ལོར་ཚེ་དཔག་སྐྱབས་བྱང་ཐང་ཁུལ་སྙན་རོང་ཡུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བའི་དཔུང་ཁག་གི་ཁོངས་མིར་གྱུར།
“སྔོན་མ་རྩྭ་ར་སྲུང་བར་དགའ་པོ་ཡོད་ཀྱང་མང་ཆེ་བ་རང་ཁྱིམ་གྱི་ཉེ་འཁོར་དང་མཚེར་སའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་པ་ལས་གཞན་ལ་དོ་སྣང་དེ་ཙམ་མི་བྱེད”ཅེས་ཚེ་དཔག་སྐྱབས་ཀྱིས་སྒེའུ་ཁུང་ཕྱིར་ལྷབ་ལྷུབ་ཏུ་འབབ་པའི་ཁ་བར་ལྟ་བཞིན་བཤད། ཁོང་གིས“‘རྩྭ་སྲུང་བའི’འོས་བབ་དམིགས་བསལ་འདི་ཐོབ་པའི་རྗེས། འགན་འཁྲིའི་བསམ་པས་བསྐུལ་བ་ཡིན་ནམ་ཡང་ན་ཅི་ཞིག་ཡིན་པ་གསལ་པོ་མི་ཤེས་པར། གང་ལྟར་རྩྭ་རར་གནས་ཚུལ་ཕྲན་ཙམ་ལྷགས་ན་གཏན་ནས་འགྲིག་མ་སོང་སྙམ་གྱི་འདུག”ཅེས་བཤད།
ཁྱོད་ཀྱིས་བཤད་པའི“གནས་ཚུལ”ཟེར་བ་དེ་འདྲ་བྱུང་ཨེ་མྱོང་ཞེས་ངས་འདྲི་བར་ཐལ།
ཁོང་གིས་མགོ་བོ་ལྕོག་ལྕོག་བྱས་ནས། 2023ལོའི་དགུན་ཁར་དམར་པོ་གྲོང་ཚོའི་ཁྲ་ལུང་རྩྭ་ཐང་དུ་ཐོན་པའི་མེ་སྐྱོན་ཡིད་ལ་འཁོར།
སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ། གྲོང་ཚོའི་འབྲེལ་གཏུག་ཚོགས་པར“རྩྭ་ར་ནས་དུ་བ་འཕྱུར་གྱི་འདུག”ཅེས་བཤད་མ་ཐག་ཁྱིམ་ཚང་ནས་དོན་ཐུབ་པ་ཚང་མས་གཅིག་མཇུག་གཉིས་མཐུད་ངང་རྒྱུག་ཕྱིན་པ་རེད། ཚེ་དཔག་སྐྱབས་ཀྱིས་ཚང་མས་མེ་གསོད་ཆས་དང་སྦྱག་མ་ཐ་ན་བྱེ་མ་བླུག་སའི་འགྱིག་ཕད་སོགས་ཁྱེར་ནས་མེ་ཤོར་སར་རྒྱུག་པར་ཕྱིར་དྲན་བྱས།
དེ་ནི་རྒྱ་ཆེ་བའི་རྩྭ་ར་ཞིག་ཡིན་སྟབས་རླུང་བུ་གཏན་ནས་འགོག་ཐབས་བྲལ་བས། ཁོ་ཚོས་རླུང་བུ་ལྡང་སའི་སྟོད་ཀྱི་མེ་འབར་སའི་ཕྱོགས་ལ་རྒྱུག་ཅིང་། ལ་ལ་གངས་ནང་རིལ་བ་དང་། འགའ་རེ་འཁྱགས་དོང་ནང་ཟགས་ཀྱང་ཡར་ལངས་ནས་མུ་མཐུད་མེ་ཤོར་སར་རྒྱུག རྗེས་སུ་མི་མང་པོས་ཕྱི་གོས་ཕུད་ནས་མེ་གསོད་ཐབས་བྱས། ཁོང་གིས“དེ་དུས་ང་ཚོས་མེ་གསོད་པར་དབུགས་ཧལ་ཧལ་རྒྱུག་ཕྱིན་པ་ཡིན”ཞེས་བཤད།
ས་རུབ་པའི་མཚམས་སུ། ཁ་བ་ལྷབ་ལྷུབ་ཏུ་བབས་ནས་མཐའ་མཇུག་གི་མེ་དེ་བསད་ཐུབ་ཡོད། དེའི་སྐབས་ཚང་མའི་ཛ་དྲག་བསམ་པ་ལྷོད་ལ་བབས་པ་དང་ཆབས་ཅིག་རུས་པར་ན་ཟུག་གཏོང་བའི་ལྷགས་པ་དང་ལྟོགས་སྐོམ་གྱི་ཚོར་བ་དྲག་པོས་མནར་འོང་ཞིང་། ཚེ་དཔག་སྐྱབས་ཀྱིས་མེས་འཚིགས་པའི་ཕུ་ཐུང་ལ་ཡང་ཡང་འཇུ་གྱིན“སྟོད་ཐུང་མེས་འཚིགས་པའམ་ཡང་ན་འཚེམ་ཁ་ཤོར་བ་ཡིན་ནམ། གང་ལྟར་སྟོད་ཐུང་ནས་བྱ་སྤུ་ཕྱིར་དོན་གྱི་འདུག གནས་ཚུལ་བྱུང་རྗེས་ཀྱི་ཉིན་འགའི་ནང་དཔུང་པ་ན་ནས་བཟའ་ཐུར་ཡང་ལེན་མི་ཐུབ་ནའང་། སྟབས་ལེགས་པ་ཞིག་ལ་རྩྭའི་རྩ་བ་མེས་འཚིག་མི་འདུག་པས། དབྱར་ཁར་སླེབས་སྐབས། སྔོན་མ་མེ་ཤོར་སར་སྔར་བཞིན་རྩྭ་སྔོ་ཐིང་ངེར་སྐྱེས་འདུག”ཅེས་བཤད།
མེ་སྐྱོན་དེ་བྱུང་རྗེས། ཁོ་ཚོས་ཁྲ་ལུང་རྩྭ་རར་སྐོར་གཡེང་བྱེད་ཐེངས་མང་དུ་ཕྱིན་པ་རེད། དགུན་དུས་སུ་སྐོར་གཡེང་བྱེད་སྐབས་ལས་འགན་གཞན་ཞིག་མང་དུ་ཕྱིན་པ་ནི། རྩྭ་རར་འཁྱགས་པ་ཆེན་པོ་ཐེབས་པ་དེ་དག་གཅོག་དགོས་པ་དེ་ཡིན། ཚེ་དཔག་སྐྱབས་ཀྱིས“འཁྱཌ་པ་དེ་དག་ལ་སྣང་ཆུང་བྱེད་མི་ཉན། དགུན་དུས་བྱང་ཐང་དུ་སྐམ་ཤས་ཆེ་བས་རྩྭ་ལ་མེ་ཤོར་སླ་མོ་ཡོད། དཀྱིལ་མཐུག་ཅིང་མཐའ་སྲབ་པའི་འཁྱགས་རྡོག་དེ་དག་མེ་ཤེལ་དང་འདྲ་བར་མེ་འབར་ནས་རྩྭ་སྐམ་པོར་མེ་འཁྱུད་ཀྱི་ཡོད”ཅེས་འགྲེལ་བཤད་ནན་པོས་བརྒྱབ།
“ད་ཆ་ཡུལ་མི་ཚང་མས་རྩྭ་ར་དང་ཉེ་འཁོར་གྱི་སྲོག་ཆགས་སྲུང་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་ལས་ཀར་བརྩིས་པས། སྐོར་གཡེང་བྱེད་པར་དཀའ་ལས་རྩ་བ་ནས་མི་འདུག” “མི་མང་ན་ལས་ཕྱོད་ཆེ་བ་ཡོད”ཅེས་ཚེ་དཔག་སྐྱབས་ཀྱིས་བཤད།
ཚེ་དཔག་སྐྱབས་ཀྱི་སྐད་ཆ་དེ་ཁུངས་ལུང་མེད་པ་ཞིག་མ་ཡིན་ཞིང་། གྲངས་གཞི་ཞིག་ལས“མི་མང་ན་ལས་ཕྱོད་ཆེ”ཞེས་པའི་སྐད་ཆ་དེ་ར་སྤྲོད་ཐུབ་པ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནས་བཟུང་། བྱང་ཐང་ས་ཁོངས་ཀྱི་སྙན་རོང་ཡུག་ཁུལ་དུ་ཞན་འགྱུར་རྩྭ་ཐང་མུའུ་107318.31ཉམས་གསོ་བཅོས་སྐྱོང་བྱས་པ་དང་། བྱེ་འགྱུར་ས་ཆ་མུའུ་6000བཅོས་སྐྱོང་བྱས་པ། གཙང་པོ་དང་མཚོ་མོའི་སྐྱེ་ཁམས་མུའུ་900སྲུང་སྐྱོང་བཅས་ལེགས་གྲུབ་ཟིན་པ་དང་། དམར་ཕྱིའི་པར་ཆས་ནས་གསའ་19ལྷག་ཙམ་མཐོང་རྒྱུ་ཡོད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཀྱི་གཞི་རྩ་བརྟག་དཔྱད་བྱེད་སྐབས། གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་ཀྱི་རིགས་25དང་རི་སྐྱེས་རྩི་ཤིང་གི་སྦུ་གུ་སྲུང་སྐྱོང་གི་རྩི་ཤིང་རིགས་184གསར་དུ་རྙེད་ཡོད་པ་རེད།
རླངས་འཁོར་མུ་མཐུད་མདུན་དུ་བསྐྱོད་པ་དང་སྦྲགས་གངས་ཀྱང་རིམ་བཞིན་འབབ་མཚམས་ཆད། ཚེ་དཔག་་སྐྱབས་ཀྱི་གཏམ་རྒྱུད་ནི་ཆེས་དཀྱུས་མ་ཞིག་ཡིན་རུང་། དེ་ལས་གཏིང་ཟབ་པའི་གནས་ལུགས་ཤིག་ར་སྤྲོད་ཐུབ་སྟེ། གང་སར་སྐད་གྲགས་ཆོད་པའི་བྱས་རྗེས་ཤིག་མེད་ནའང་སྔར་བཞིན་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། བརྟན་སྲུང་བྱེད་པར་སྤྱིར་བཏང་གི་བློ་རྩེ་གཅིག་སྒྲིམ་དང་ཡུན་རིང་གི་དགའ་ཞེན་ཡོད་དགོས། ཡུན་རིང་རྒྱུན་འཁྱོངས་བྱེད་པའི་སྟོབས་ཤུགས་དེ་ནི་རྐང་འོག་གི་ཡངས་པའི་ས་གཞི་འདིར་བརྩེ་བ་དྲོན་མོ་སྦྱིན་པ་ཞིག་རེད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཆན་འགྲེལ་ཞིག་དེ་བས་ཀྱང་རེད།
2026ལོའི་ཟླ་1ཚེས་4ཉིན་གྱི་དགོང་མོ།
གསར་འགོད་པའི་ཟིན་བྲིས།
རྩོམ་མཇུག་བསྡུ་བའི་མཚམས་འདིར། དུས་ཡུན་ཉིན་16རིང་ནག་ཆུས་དགུན་དུས་མཉམ་འབྲེལ་སྐོར་གཡེང་བྱས་པའི་གནས་ཚུལ་སྤེལ་བ་དེ་ངའི་ངོས་ནས་བརྗོད་ན་རྩོམ་ཡིག་ལ་རྫོགས་ཚིག་བཀོད་པ་ཞིག་རེད།
ང་ཚོ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་། བྱང་ཐང་། ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་བཅས་སུ་སྐྱོད་སྐབས། ཁ་བས་བཀླུབས་པའི་རི་བོའི་སྤོ་ན་འཕྱོ་བའི་ན་བུན་དང་། འཁྱགས་པས་བསྡམས་ནས་ལྷིང་འཇགས་སུ་གནས་པའི་ཆུ་བོ་དང་གཙང་པོ། ཞོགས་པའི་ཉི་ཟེར་དང་འགྲོགས་ནས་ཅི་དགར་རྒྱུ་བའི་རི་སྐྱེས་སྲོག་ཆགས། ད་དུང་ཉི་མ་ནུབ་རིའི་ཕང་བར་བཞུད་ལ་ཁད་ཀྱི་མཚམས་སྤྲིན་དམར་པོ་བཅས་ཀྱི་ཡུལ་ལྗོངས་དེ་དག་ནི་ང་ཚོས་བརྟན་སྲུང་ལས་ལ་ཡུན་རིང་རྒྱུན་འཁྱོངས་བྱས་པར་བསྩལ་བའི་བྱ་དགའ་ཞིག་དང་འདྲ་བར། རླངས་འཁོར་གངས་ནང་དིམ་པའི་སྐྱོ་སྣང་དང་། འཁོར་ལོ་བརྡོལ་བའི་སེམས་འཚབ། བཀྲེས་སྐོམ་དང་གྲང་ངར་གྱིས་མནར་བའི་དཀའ་ངལ། མཚན་གང་གཉིད་ཡེར་བའི་ངལ་དུབ་བཅས་ཚང་མ་སྐད་ཅིག་ཉིད་ལ་གླེང་རིན་མེད་པ་ཞིག་ཏུ་གྱུར།
དེ་བས་བརྗེད་པར་དཀའ་བ་ནི་མི་རྣམས་རེད། ཤིན་ཅང་ནས་ནག་ཆུར་ཕྱིར་ལོག་བྱས་ནས་མུ་མཐུད་རི་སྲུང་གི་ལས་ལ་གཞོལ་བའི་ཚེ་རིང་ལྷ་རྒྱལ་གྱིས་རྩྭ་ཐང་གི་སྐོར་ཤོད་སྐབས་མིག་ཟུང་གྲུང་རིལ་རིལ་ཆགས་པ་དང་། ཨ་སྐྱིད་ནི་མི་རྣམས་ཀྱིས་ཁོ་ཚོས“ཉི་མ་འཁྱོལ་ཐབས་བྱེད་ཀྱི་ཡོད”ཅེས་བཤད་པར་ཡེ་ནས་མི་དགའ་ཞིང་། ཁོང་གིས་འདི་གའི་རྩྭ་ཐང་དང་ལུག་ཁྱུ་བསྲུངས་ན་སེམས་ལྷོད་པོ་འདུག་ཅེས་ཤོད་པ། ཨ་ནན་གྱིས་རྩྭ་ཐང་སྲུང་སྐྱོང་བྱེད་པ་ནི་མི་རབས་ནས་མི་རབས་བརྒྱུད་པའི་ལུགས་སྲོལ་ཞིག་ཡིན་པས་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་རྟག་ཏུ་ཤོད་པ། ལམ་འདིར་བསྐྱོད་པ་ནས་བཟུང་ནམ་ཡང་ཕྱིར་ལོག་མི་བྱེད་མཁན་ནོར་བུ་ལ་སོགས་ཡོད། དེས་མ་ཚད་ད་དུང་ཡི་གེར་བཀོད་མེད་པའི་སེམས་འགུལ་ཐེབས་འོས་པའི་བྱ་བ་མང་པོ་ཞིག་དང་མིང་བཏོན་མེད་པའི་བདག་སྐྱོང་བ་མང་པོ་ཞིག་ཡོད། ཁོང་ཚོ་ནི་སྐད་གྲགས་ཆེ་བའི་དཔའ་བོ་མིན་རུང་ཉིན་ནས་ཟླ་བ་དང་ཟླ་བ་ནས་ལོ་བསྟུད་དེ་ཁོངས་གཏོགས་ཁུལ་གྱི་རི་བོ་དང་རྩྭ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད། མ་གཞི་ཁོང་ཚོས་དེ་ལྟར་རྒྱུན་སྲིང་ལྷོད་མེད་ངང་སྲུང་སྐྱོང་བྱས་པར་སུ་ཞིག་གིས་དོ་སྣང་བྱས་ན་སྙམ་པ་མེད་ནའང་། དེ་ལྟ་བུའི་སྤྱོད་བཟང་གིས་ང་རང་ལ་སྨྲ་བསམ་བརྗོད་ལས་འདས་པའི་སེམས་འགུལ་ཚད་མེད་ཐེབས་བྱུང་།
སྐོར་གཡེང་གི་ལམ་དུམ་འདིར། རི་ཆུའི་སྒེག་ཉམས་ཀྱིས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་ལ། སྐོར་གཡེང་བ་རྣམས་ཀྱིས་བརྟན་སྲུང་བྱེད་པའི་བསམ་སྤྱོད་ཀྱིས་ང་རང་ལ་སེམས་འགུལ་ཡང་ཚད་མེད་ཐེབས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་མིས་བྱམས་དང་བརྩེ་བས་བསྐྱངས་བྱུང་། འདི་གའི་ཡུལ་ལྗོངས་དང་བརྩེ་བ་ཡོད་ཚད་ཉམ་ཆུང་ང་ལྟ་བུས་ཡི་གེའི་ལམ་ནས་མཚོན་པར་དཀའ་བས། སེམས་འགུལ་གྱི་མིག་ཆུའི་ཐིགས་ཕྲེང་རེ་རེས་འདི་གའི་ཡོད་དོ་ཅོག་ལ་བཅངས་པའི་ཟོལ་མེད་བརྩེ་བ་མཚོན་རྒྱུ་ལས་མ་འདས་པ་ངང་གིས་ཚོར་བྱུང་།
ངས་རྩོམ་ཇི་ལྟར་ཡག་པོ་བྲིས་ཀྱང་ས་གཞི་འདིའི་གནས་ཚུལ་ནམ་ཡང་བྲིས་ཚར་རྒྱུ་མེད་ལ། དཀའ་ཚེགས་དུ་མ་ཁྱད་དུ་བསད་པའི་སེམས་འགུལ་ཐེབས་པའི་བྱ་བ་དེ་དག་ཀྱང་བརྗོད་ཚར་ཐབས་མེད། རྩོམ་ཡིག་12དེ་དག་ནང་ནས་རེས་འགའ་འཁྲུག་ཆེ་བའི་ལམ་བར་དུ་བྲིས་པ་དང་། རེས་འགའ་ནམ་ཕྱེད་དུ་བྲིས་པ། ཡང་རེས་འགའ་ལ་དུག་གཅོག་སྨན་བཟས་ནས་སྡུག་རུས་ཀྱིས་བྲིས་པ་ཤ་སྟག་ཡིན། འོན་ཀྱང་དེ་བས་ཆེ་བའི་སེམས་ཤུགས་ནི་བདག་སྐྱོང་པ་ཚོས་སྦྱིན་པའི་སེམས་རྩ་འཁོལ་བའི་དྲོ་སྐྱིད་དང་བྱང་ཐང་ཡུལ་གྱིས་སྦྱིན་པའི་དྲོད་ཁོལ་འབའ་ཞིག་ལགས།
འབྲེལ་ཡོད་གསར་འགྱུར།