བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཞིག་གི་2025ལོའི་གྲུབ་འབྲས།

འདི་ནི་ས་གཏེར་བདག་སྐྱོང་ས་ཚིགས་ཀྱི་སྐོར་སྲུང་བས་བཙས་མ་ཐག་པའི་གཙོད་སྐྱོབ་བཞིན་པ།
2025ལོའི་ཉིན་མཐའ་མ་དེར་ང་དང་ཨ་མདོ་རྫོང་ས་གཏེར་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཕུན་ཚོགས་ཡེ་ཤེས་གཉིས་རླངས་འཁོར་ནང་ལོ་འདིའི“གྲུབ་འབྲས”སྐོར་གླེང་བ་ཡིན། བརྗོད་གཞི་དེ་རྙིང་པ་ཞིག་ཡིན་ཀྱང་ལྷིང་འཇགས་ཀྱི་ཐང་རྒོད་དེར་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་སྦྱིན།
ཕུན་ཚོགས་ཡེ་ཤེས་དང་ཐོག་མར་འཕྲད་སྐབས། ཁོང་གིས་མིག་ཤེལ་ནག་པོ་ཆེན་པོ་ཞིག་བརྒྱབ་ནས་གདོང་ཕྱེད་ཀ་ཙམ་བཀབ་པ་དང་དངུལ་གྱི་རྣ་རྒྱན་ཞིག་བཏགས་ཡོད་པ་དེ་ས་མཐོའི་ཉི་འོད་འོག་ལྷག་པར་འཚེར་ཞིང་། སྐྲ་སུ་ལུ་དེའང་རླུང་བུའི་འགུལ་ཕྱོགས་དང་བསྟུན་ནས་གཡོ་བར་བྱེད། ཁོང་གི་ཆ་ལུགས་དེ་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པར་འགྲོ་མཁན་གྱི་གླུ་པ་ཞིག་དང་འདྲ་བ་ལས་ངའི་བསམ་ཚོད་ཁྲོད་ཀྱི་ངོ་གདོང་ནག་ཅིང་གྱོན་ཆས་བབ་ཆགས་པོ་གྱོན་པའི་སྐོར་སྲུང་རུ་ཁག་གི་རུ་མི་ཞིག་དང་གཏན་ནས་མི་འདྲ།
“2025ལོར་བདག་སྐྱོང་ས་ཚིགས་ལ་རྫོང་ཡོངས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དཔྱད་བསྡུར་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་ང་རང་ཡང་ཐེངས་དེའི་མཉམ་འབྲེལ་སྐོར་སྲུང་ནང་ཞུགས་པ་ཡིན། ལོ་འདིར་གྲུབ་འབྲས་ཆེན་པོ་ཐོབ་བྱུང”ཞེས་ཕུན་ཚོགས་ཡེ་ཤེས་ཀྱིས་དགའ་ཚོར་ཆེན་པོའི་ངང་བཤད།
“ས་ཚིགས་སུ་དུས་རྒྱུན་ལས་བྲེལ་ཆེན་པོ་ཡོད་ངེས་རེད”ཅེས་དྲིས་པ་ཡིན།
ཁོང་གིས“ལས་བྲེལ་ཆེ་ཆུང་དེ་གཙོ་བོ་ལས་ཀ་བཀོད་སྒྲིག་བྱེད་སྟངས་ལ་རག་ལུས་ཡོད། ང་ཚོའི་ས་ཚིགས་ཀྱི་ལོ་23ལ་སླེབས་པའི་ཐུབ་བསྟན་སློབ་འབྲིང་འགྲིམས་མྱོང་བས་ནོར་དོན་དོ་དམ་མཁས་པ་དང་ཚེ་མཆོག་དང་བཀྲ་ཤིས་ཚེ་རིང་གིས་ཁ་ལག་བྲོ་བ་ཞིམ་ལ་སྣ་ཁ་མང་པོ་བཟོ་ཤེས་པ་མ་ཟད། ཚེ་མཆོག་ས་ཆ་དེའི་ཁོངས་ལ་རྒྱུས་མངའ་ཆེ་བ་དང་ཐ་ན་སྲུང་སྐར་ཕྱོགས་སྟོན་གྱིས་ཀྱང་ཁོང་གི་འགྲན་ཟླ་ཆོད་ཀྱི་མེད”ཅེས་བཤད་བྱུང་།
“ཁྱེད་ཚོའི་བདག་སྐྱོང་ས་ཚིགས་ལ་མི་ག་ཚོད་ཡོད་དམ། ད་དུང་ཆེད་གཉེར་ནོར་དོན་པ་ཡོད་དམ”ཞེས་ཐག་རིང་གི་བདག་སྐྱོང་ས་ཚིགས་འདིར་ལས་དོན་ཁག་བགོས་ཁ་གསལ་འདི་ལྟ་བུ་ཡོད་པར་ཅུང་ཧང་སངས་པའི་སྒོ་ནས་དྲིས་པ་ཡིན།
“ས་ཚིགས་ལ་ཁྱོན་མི་10ཡོད། ང་དང་ཀྲན་ཀྲང་གཞོན་པ་སོ་སོས་མི་5རེ་ཁྲིད་དེ་ཟླ་རེར་ལས་རེས་ཐེངས་རེ་བྱེད་པ་དང་ལས་གནས་གང་ཞིག་གི་མི་ངལ་གསོ་བརྒྱབ་ཚེ། རུ་སྣེ་ཁྲིད་མཁན་གྱིས་དེའི་ཚབ་བྱེད་དགོས་ཀྱི་ཡོད”ཅེས་ཕུན་ཚོགས་ཡེ་ཤེས་ཀྱིས་བཤད་བྱུང་།
ངས“ས་ཚིགས་སུ་སྤྱི་སྤྱོད་མ་དངུལ་ཡོད་དམ། ལས་འགན་མང་པོ་འཁུར་མཁན་སྐོར་སྲུང་བའི་གླ་ཕོགས་མང་བ་ཡོད་དམ”ཞེས་དྲིས་པ་ཡིན།
ཕུན་ཚོགས་ཡེ་ཤེས་ཀྱིས་མགོ་བོ་གཡུག་གཡུག་བྱེད་པ་དང་གད་མོ་དགོད་བཞིན“ང་ཚོ་མི་རེས་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར་600བསྡུ་གི་ཡོད། ལོ་ལྟར་འབྲོག་པའི་ས་ནས་ནོར་3དང་ལུག་15ཉོ་བ་དང་། དུས་རྒྱུན་དུ་སྔོ་ཚལ་དང་། ཤིང་འབྲས། བཏུང་བྱ་སོགས་ཉོས་ན་ལོ་གཅིག་འདང་གི་འདུག”ཅེས་བཤད་བྱུང་། ཁོང་གིས“བདག་སྐྱོང་ས་ཚིགས་ཀྱིས་འབྲོག་པར་འབབ་འཕར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད་སྟབས། འབྲོག་པ་ཚོས་ཀྱང་ནོར་རེར་སྒོར་9000དང་ལུག་རེར་སྒོར་1200བྱས་ནས་འཚོང་གི་ཡོད། ལོ་རེའི་དངུལ་ལྷག་མ་རྣམས་ལོ་མཇུག་ཏུ་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པའི་ཐད་སྤྱོད་ཀྱི་ཡོད”ཅེས་བཤད་བྱུང་།
“ཚང་མར་གླ་ཕོགས་ཐོལ་པ་མེད་ཀྱང་སྤྲོ་སྣང་ཆེན་པོས་རང་གིས་ཤེས་པའི་ལས་ཀ་དེ་མང་ཙམ་བྱེད་འདོད་ཡོད”ཅེས་ཕུན་ཚོགས་ཡེ་ཤེས་ཀྱི་སྐད་ཆ་ལས་ངར་དྲོ་སྐྱིད་ཟབ་མོ་ཞིག་སྦྱིན་བྱུང་།
བདག་སྐྱོང་ས་ཚིགས་འདི་དཔྱད་བསྡུར་ཁྲོད་གཟེངས་སུ་ཐོན་པར་རྒྱུ་མཚན་ཡོད་དེ། འདི་འདྲའི་ཚགས་ཚུད་པའི་དོ་དམ་དང་གོང་བུ་འགྲིལ་ཤུགས་ལས་ཐང་རྒོད་སྲུང་མཁན་གྱི་བློ་གྲོས་འདུས་ཡོད།
“ད་ཆ་བདག་སྐྱོང་བྱ་ཡུལ་དུ་རྩྭ་ཁ་ལོ་རེ་བཞིན་རྒྱས་ཀྱི་ཡོད”ཅེས་ཕུན་ཚོགས་ཡེ་ཤེས་ཀྱིས་སྤོབས་པ་ཆེན་པོས་བཤད། 2019ལོར་ཁོང་གནས་སའི་བཀྲ་ཆུ་ཤང་ཧྲིལ་པོ་གནས་སྤོས་བྱས། “དེ་སྔ་ཁང་པའི་རྒྱབ་མདུན་དང་མི་འགྲོ་འོང་བྱེད་མང་སར་རྩྭ་མཐོང་རྒྱུ་མེད། ད་ཆ་དབྱར་ཁར་སྔོ་ཐིང་ཐིང་དུ་གྱུར་ཡོད”ཅེས་ཁོང་གིས་བཤད།
ཁོང་གིས་ད་དུང་བདག་སྐྱོང་ས་ཚིགས་ཉེ་འགྲམ་གྱི་དགུ་ཆུའི་ཆུ་འགོའི་སྐོར་གླེང་ཞིང་། ཤང་ཧྲིལ་པོ་གནས་སྤོ་མ་བྱས་གོང་། དེ་གར་གད་སྙིགས་མང་བ་དང་རྟག་ཏུ་གཙང་སེལ་བྱས་ཀྱང་ལྷགས་པ་ཆེན་པོ་བརྒྱབ་ནས་ས་ཕྱོགས་གཞན་ནས་གད་སྙིགས་མང་པོ་འཁྱེར་ཡོང་གི་ཡོད། ང་ཚོས་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ཆུ་འགོའི་ཁུལ་ཁོངས་སུ་ལྕགས་དྲ་བསྐོར་བ་ཡིན། ལྷགས་པ་ཆེན་པོ་རྒྱག་སྐབས་གད་སྙིགས་བཀག་ཐུབ་པས་ཆུ་དེ་བས་དྭངས་བར་གྱུར་བ་དང་རྩྭ་ཁ་རྒྱས་ནས་ཆུ་འཐུང་བར་ཡོང་བའི་རི་སྐྱེས་སྲོག་ཆགས་ཀྱང་མང་དུ་སོང་འདུག་ཅེས་བཤད།
རླངས་འཁོར་ནང་རེ་ཞིག་ཁུ་སིམ་མེར་གྱུར། ཕུན་ཚོགས་ཡེ་ཤེས་ཀྱིས་གློ་བུར་དུ་གད་མོ་དགོད་བཞིན་དུ“དེ་གོང་གི་རླངས་འཁོར་རྙིང་པ་དེའི་དྲོད་རླངས་ལ་སྐྱོན་ཤོར་བས་སྔ་དགོང་རླངས་འཁོར་ལ་སྡོད་སྐབས་གྲང་ངར་ཆེ་བ་དང་དེའི་ནང་བཞག་པའི་འཐུང་ཆུར་འཁྱག་པ་ཐེབས་ཏེ་ཁ་སྐོམ་ཡང་འཐུང་ཐབས་མེད། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་པས་རླངས་འཁོར་ནང་དྲོ་སོབ་སོབ་ཡོད། 2025ལོའི་ཉིན་མཐའ་མ་དེའི་མཇུག་ཡག་པོ་ཞིག་བསྡུས་པ་དེའང་གྲུབ་འབྲས་ཤིག་རེད”ཅེས་བཤད།
ཁོང་གི་ལྷད་མེད་ཀྱི་འཛུམ་མདངས་ལས་འཚོ་བར་བཅངས་པའི་དགའ་ཞེན་ཆེན་པོ་མངོན།
2025ལོའི་ཟླ་12ཚེས་31ཉིན།
འབྲེལ་ཡོད་གསར་འགྱུར།