དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • དྭངས་གཙང་ཆབ་རྒྱུན་སྲུང་སྐྱོང་བྱས། སྐྱེ་ཁམས་ཉམས་དགའི་ཞིང་ཁམས་ཆགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-04

    འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་དགོན་རྫོང་གི་དཔའ་མོ་མཚོ་ཡིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་རང་བྱུང་སླར་གསོ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་བརྒྱུད། གཙང་ཆུའི་སྤུས་ཚད་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།

    གཙང་ཆུ་བཅོས་སྐྱོང་ཐད་རང་ལྗོངས་ཀྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་དང་བཙོག་འབུད་མདོང་ཁ་བཅོས་སྒྲིག་སོགས་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། ཆུ་བོའི་རང་བཞིན་འཁོར་རྒྱུག་དང་རང་གཙང་ནུས་པ་སླར་གསོ་ནུས་ལྡན་བྱུང་ཡོད། ཆུ་རགས་མཁྲེགས་རིགས་གཏོར་བཤིག་དང་། སྐྱེ་ཁམས་ལྗོན་འཛུགས་སྲུང་སྐྱོང་། རང་ཡུལ་གྱི་ཆུ་སྐྱེས་རྩི་ཤིང་འདེབས་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་པས་ཆུའི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་ཐུབ་པར་མི་རྣམས་ཀྱི་དོ་སྣང་ཆེན་པོའང་བྱུང་ཡོད། གཙོད་ཁྱུའི་གྲངས་འབོར་དུས་རབས་གོང་མའི་ཆེས་ཉུང་བའི་སྐབས་ཀྱི་མགོ་གྲངས་ཁྲི་7ལྷག་ཙམ་ནས་ཁྲི་30ལྷག་ཙམ་བར་མང་དུ་སོང་བ་དང་། འབྲོང་ཁྱུའི་མགོ་གྲངས་དུས་རབས་གོང་མའི་སྟོང་ཕྲག་ཁ་ཤས་ནས་མགོ་གྲངས་ཁྲི་2ལྷག་ཙམ་བར་མང་དུ་སོང་བ། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་གོང་མའི་2000ཙམ་ནས་ཁྲི་1ལྷག་ཙམ་བར་སོགས་མང་དུ་སོང་ཡོད།

    གྲུབ་འབྲས་དེ་དག་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་370ལྷག་ཙམ་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། འབྱུང་འགྱུར་སྲུང་སྐྱོང་ཁྱབ་ཁོངས་ཆེ་རུ་དང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་ཆབས་ཅིག དཀོན་ལ་རྩ་ཆེ་བའི་སྲོག་ཆགས་སྣ་ཚོགས་གངས་ལྗོངས་ས་མཐོར་འཚོ་སྡོད་ཐུབ་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།