དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བརྩེ་བ་ཟབ་མོ་ཕ་ཡུལ་ཕྱོགས་ལ་བཅངས། སྐྱེ་ཁམས་སྲུང་བའི་དམ་བཅའ་སྙིང་ལ་བརྐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-02

    འདི་ནི་མཛེས་པའི་སྤྱང་རྒན་དེའུ་རུག་འཁྱགས་རོམ་གྱི་ཟུར་ཞིག་ཡིན་པ། (རིན་ཆེན་རྒྱ་མཚོས་པར་མཁོ་འདོན་བྱས)

    བྱང་ཐང་སྐོར་སྲུང་ཉིན་ཐོ།

    ཐོ་རེངས་ཆུ་ཚོད་4དང་སྐར་མ་40ཙམ་ལ་ཨ་མདོ་རྫོང་སེའུ་ཤང་མ་མོ་བཞུས་ནག་བདག་སྐྱོང་ས་ཚིགས་སྔར་བཞིན་ཁ་ཁུ་སིམ་མེར་གནས།

    ཁོང་འདར་ཤོར་བའི་གྲང་ཟུག་གིས་ང་རང་གཉིད་ལས་བསླངས་ཤིང་། ཐབ་ཁའི་མེ་ག་དུས་ཤི་མིན་མི་ཤེས་ལ་ཉལ་ཆས་སྟེང་དུའང་འཁྱགས་པ་སྲབ་མོ་ཞིག་གཡོགས་པ་དང་གཉིས་སུ་མ་མཆིས། ཁང་པ་གཅིག་པའི་འགྲོ་རོགས་ཀྱིས་ཆུ་ཚོད་བཞི་པར་ཏིར་བཀག་ཡོད་ཀྱང་ལག་ཐོགས་ཁ་པར་དྲོད་ཚད་དམའ་པོའི་ཁྲོད་དུ་བཞག་ཡུན་རིང་དྲགས་པས་རང་བཞིན་གྱིས་ཁ་བཀག་འདུག

    “འདི་ད་དུང་གྲང་ཤོས་མ་རེད”ཅེས་ཆུ་ཚོད་དྲུག་པ་ཏག་ཏག་ལ་ང་ཚོ་སྐོར་སྲུང་བྱེད་པར་འགྲོ་སྐབས་ནོར་བུས་དེ་ལྟར་བཤད། ཁོང་ནི་བདག་སྐྱོང་ས་ཚིགས་ཀྱི་སྐོར་སྲུང་བ་ཡིན་ཞིང་། ད་ལོ་ལོ་32ཡིན་པ་དང་སྤྱི་སྐད་བདེ་མོ་ཞིག་ཤོད་ཤེས་ཀྱི་ཡོད།

    རླངས་འཁོར་མུན་ནག་ཁྲོད་མདུན་དུ་བསྐྱོད་པ་དང་གློག་སྒྲོན་གྱིས་མདུན་ཕྱོགས་ཀྱི་འཁྱགས་ས་སྒོར་མོ་དག་མིག་མདུན་དུ་གསལ། ནོར་བུའི་གཏམ་རྒྱུད་ཀྱང་ཡམ་ཡོམ་ཆེ་བའི་འགྲུལ་བཞུད་ཁྲོད་ནས་འགོ་ཚུགས།

    ད་ཆ་རི་སུལ་རེ་རེའི་མིང་དང་སྲོག་ཆགས་གང་ཡིན་གསལ་པོར་ཤེས་པའི་བདག་སྐྱོང་བ་དེ་ནི་ལོ་འགའ་ཤས་གོང་ཡུལ་མི་སྤུན་ཟླ་ཚོས“རིག་གནས་སྦྱོང་བར་བཏང་ཡང་ཕན་མི་ཐོགས་པའི་མི”ཞེས་ལབ་གླེང་བྱེད་མྱོང་བ་སུ་ཡི་ཡིད་ལ་འཁོར་སྲིད་དམ།

    2016ལོར་མཐོ་འབྲིང་ཐོན་རྗེས་ནོར་བུས་སེའུ་ཤང་དུ་ཕྱུགས་རྫི་བྱེད་པར་ལོག་འོང་། “རིག་གནས་སྦྱོང་བར་བཏང་ཡང་མཐའ་མ་ཕྱུགས་རྫི་བྱེད་པར་ལོག་སླེབས་སོང་། དེ་འདྲ་ཡིན་ན་སྔོན་ནས་མ་ཕྱིན་ནའང་དྲག་གི་རེད”ཅེས་པའི་ལབ་གླེང་དེ་རིགས་ཁོ་པས་ཐོས་པ་ཉུང་ཉུང་མིན། 2019ལོར་ཤང་ཡོངས་གནས་སྤོ་བྱས་རྗེས་ཆུང་དུས་ཀྱི་གྲོགས་པོ་རྣམས་གཅིག་མཇུག་གཉིས་མཐུད་ངང་ཕྱི་ལ་གླ་པར་ཕྱིན་པས་ཁོ་པ་ནི་གྲོང་ཚོའི་ནང་མཐོང་དཀོན་པའི་ན་གཞོན་ཕྱུགས་རྫིའི་གྲས་སུ་གྱུར། ཁོ་པའི་བྱེད་སྟངས་ཁྱད་མཚར་དུ་བཟུང་མཁན་མིག་ཟུང་དེ་དག་ནི་ས་མཐོའི་རླུང་བུ་བཞིན་དུ་ཕྱོགས་མཚམས་གང་ས་ནས་ལྡང་།

    ཁོ་པའི་འགྱུར་ལྡོག་ནི་རང་ཉིད་ཀྱི་ཕྲུ་གུ་ལོ་གཉིས་གསུམ་ལ་སླེབས་སྐབས་བྱུང་ཞིང་། ཉིན་ཞིག་ཕྲུ་གུས་བརྙན་འཕྲིན་ནང་སྟོན་པའི“སྲོག་ཆགས་ཀྱི་ཞིང་ཁམས”ཞེས་པའི་ལེ་ཚན་ལ་བལྟས་ཏེ“པཱ་ལགས། འདི་གང་རེད། དེ་འདྲའི་སྙིང་རྗེ་བ་ལ་ཨང”ཞེས་དྲིས།

    “དེ་ནི་ངས་ཆུང་དུས་ནས་མཐོང་མྱོང་བའི་གཙོད་རེད། འོན་ཀྱང་ཕྲུ་གུས་བརྙན་ཤེལ་ནས་མ་གཏོགས་མཐོང་མྱོང་མེད”དེས་ཁོ་པར་མྱོང་ཚོར་ཟབ་མོ་བྱུང་སྟེ“ཕྱིས་སུ་ཕྲུ་གུ་ཚོས་རང་ཉིད་ཀྱི་གཏམ་གླེང་ཁྲོད་ནས་སྲོག་ཆགས་དེ་དག་བསམ་ཚོད་བྱེད་རྒྱུ་ཁོ་ནས་ལས་མ་འདས་པ་དང་། པར་རིས་ནས་མི་རིག་རྒྱང་འགྲམ་མཚོའི་ཆུ་བྱ་རྣམས་ལ་ལྟ་རྒྱུ་ལས་མ་འདས་པ་ཞིག་ལ་མ་འགྱུར་བ་བྱེད་དགོས་སྙམ”

    2023ལོར་མ་མོ་བཞུས་ནག་བདག་སྐྱོང་ས་ཚིགས་ལ་ལས་མི་བསྡུས་ཤིང་། ཁོ་པས་ལམ་སེང་མིང་ཐོ་བཀོད་པས་བདག་སྐྱོང་བ་ཞིག་ཏུ་གྱུར།

    “རིག་གནས་སྦྱོང་བ་ནི་མཐོང་རྒྱ་ཆེ་རུ་སོང་བའི་ཆེད་དུ་ཡིན”ངས་ཁོ་པར་བློ་འགྱོད་མེད་པར་ཡངས་པའི་བྱང་ཐང་སྲུང་འདོད་པ་གང་ཡིན་ནམ་ཞེས་འདྲི་སྐབས། ཁོ་པས་འཛུམ་དམུལ་དམུལ་ངང“རིག་གནས་སྦྱངས་པས་ང་ལ་གདམ་ག་བྱེད་པའི་གདེང་ཚོད་རྙེད་བྱུང”ཞེས་ལན་བཏབ་བྱུང་།

    སྔོན་མའི་དོགས་འདྲི་རྣམས་ད་ཆ་བསྔགས་བརྗོད་ཀྱི་མེ་ཏོག་ལ་གྱུར་ཡོད་ཅིང་། ཆུང་དུས་ཀྱི་གྲོགས་པོ་ཚོས་རྟག་ཏུ་ཁོ་པར“ང་ཚོའི་ཚབ་བྱས་ཏེ་ཕ་ཡུལ་ལ་སྐོར་སྲུང་ཡག་པོ་བྱེད་རོགས”ཞེས་ཤོད་ཀྱི་ཡོད།

    ལོ་ཞིག་གི་དབྱར་ཁའི་རེས་སྐོར་ངལ་གསོའི་སྐབས་ཁོ་པས་ཕྲུ་གུ་རྩྭ་ཐང་དུ་ཁྲིད་འོང་། ཕྲུ་གུ་ཚོས་གཙོད་རྣམས་ཐག་རིང་ས་ནས་དལ་གྱིས་འགྲོ་བ་དང་། རྐྱང་རྣམས་བང་ཁ་འགྲན་པ། མི་རིག་རྒྱང་གྲམ་མཚོའི་ཆུ་ཁར་ཁྲུང་ཁྲུང་མགོ་ཁྲ་དང་ངང་སྨུག་སོགས་ཁྱུ་དང་ཁྱུ་རྩེད་འཇོར་རོལ་བ་མཐོང་རྗེས་དེ་ནི་ཁོང་ཚོའི་སྤྲོ་སྣང་ཆེ་ཤོས་ཀྱི་དབྱར་གསེང་དེ་ཡིན་ཞེས་བཤད། ད་ཆ་ཁ་པར་ནས་བརྙན་ལམ་གཏོང་རིམ་བཞིན་ཕྲུ་གུ་ཚོའི་སྐད་ཆ་དང་པོ་ནི“པཱ་ལགས་ང་རང་སྲོག་ཆགས་ལ་ལྟ་དགོས་ཡོད”ཅེས་པ་དེ་རེད། སློབ་གྲྭའི་ནང་སྲོག་ཆགས་ཀྱི་བརྙན་ལམ་སྟོན་སྐབས་ཕྲུ་གུ་ཚོས་རྟག་ཏུ་སྤོབས་པ་ཆེན་པོས“འདི་ངས་མཐོང་མྱོང་ཡོད། ངའི་པཱ་ལགས་ནི་དེ་དག་ལ་སྲུང་སྐྱོང་བྱེད་མཁན་རེད”ཅེས་ཤོད་ཀྱི་ཡོད།

    ད་ཆ་ནོར་བུ་ནི་བདག་སྐྱོང་ས་ཚིགས་ཀྱི་ས་ཁྲ་དངོས་ཤིག་དང་མཚུངས། ཁོ་པས“བྱང་ཕྱོགས་སུ་དུས་རྒྱུན་གཙོད་གཉིས་སྟོང་སུམ་སྟོང་དང་འབྲོང་ལྔ་བརྒྱ་དྲུག་བརྒྱ་ཙམ་ཡོད། ཤར་ཕྱོགས་ཀྱི་རི་དེ་ལ‘གཉན་ར’ཟེར་གྱི་རེད། རི་དེ་ནི་གཉན་གྱི་ར་ཅོ་འདྲ་བས་དེ་ལྟར་བཏགས་པ་དང་དེ་གར་གཉན་གཉིས་བརྒྱ་སུམ་བརྒྱ་ཙམ་ཞིག་འཚོ་སྡོད་བྱེད་པ་དང་མགོ་གྲངས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད”ཅེས་བཤད་པ་དང་རླངས་འཁོར་གྱི་སྒེའུ་ཁུང་ཕྱིའི་ནག་མོག་མོག་གི་རི་བོར་ལྟ་སྐབས་སྨག་ནག་པའི་མུན་པའི་ཁྲོད་ནས་སྲོག་ཆགས་ཀྱི་ངང་ཚུལ་མཐོང་ཐུབ་པའི་སྣང་བ་ཞིག་སྟེར་གྱི་འདུག

    ས་མཐོར་སྐྱེ་དངོས་རིགས་ཧ་ཅང་མང་ཞིང་། འཚོ་སྡོད་བྱེད་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཡོད། མི་ལ་ལ་ནི་མཁར་ཚོགས་སྟུག་པའི་གྲོང་ཁྱེར་ལ་མོས་ཤིང་། མི་ལ་ལ་ནི་རྩྭ་ཐང་དང་རི་ཀླུང་སྲུང་བར་དགའ་བས་ཡག་སྡུག་དང་མཐོ་དམན་གྱི་དབྱེ་བ་མེད། ནོར་བུ་ཡང་སློབ་གསོས་བློ་མིག་ཕྱེ་ཞིང་། ཕ་ཡུལ་ལ་དགའ་ཞེན་ཆེ་བས་ལང་ཚོའི་ས་བོན་ས་བབ་སྨི་5000ཙམ་ཟིན་པའི་ཞིང་སར་བཏབ་སྟེ། གཙོད་དང་གཉན་སོགས་གཅེས་སུ་འོས་པའི་སྲོག་ཆགས་དེ་དག་དང་། ཕྲུ་གུའི་མིག་ནང་གི་གསོན་ཉམས་དོད་པའི་རང་བྱུང་ཁམས་དེ་ཉིད་སྲུང་བཞིན་ཡོད་ལ། མི་རབས་མང་པོའི་སེམས་དབུས་སུ་ནམ་ཡང་རང་མདངས་མ་ཉམས་པའི་ཁྱིམ་གཞིས་ཀྱང་སྲུང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།