དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བྱང་ཐང་སྐྱེ་ཁམས་བཟང་། སྲོག་ཆགས་ཅི་དགར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    འདི་ནི་འབོང་མཚོ་ཡིན་པ།

    འདི་ནི་གཙོད་ཡིན་པ།

    རྩོམ་སྒྲིག་པའི་སྦྲགས་མཆན།

    མཚོ་བོད་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱུང་བ་དང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ནས་ལོ་25འཁོར་བ། བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱས་ནས་ལོ་3འཁོར་བ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་5འཁོར་བའི་མཚམས་སུ། ནག་ཆུ་གྲོང་ཁྱེར་གྱིས་རྫོང་ཁག་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་དུ་དགུན་དུས་སྐོར་སྲུང་ལས་དོན་ཐོག་མར་སྤེལ་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“ས་གནས་ས་ཐོག་གི་བྱང་ཐང་སྐོར་སྲུང་ཉིན་ཐོ”ཞེས་པའི་ལེ་ཚན་འདོན་རྒྱུ་དང་། འདི་ག་ཚགས་པར་གྱི་གསར་འགོད་པས་སྐོར་སྲུང་རུ་མི་དང་མཉམ་དུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུའི་གྲང་རླུང་ལ་མ་འཛེམས་པར་ས་བབ་སྨི་ལྔ་སྟོང་ཟིན་པའི་ནག་ཆུར་བསྐྱོད་པ་ཡིན། གསར་འགོད་པས་ཐང་རྒོད་དུ་ཁོང་ཚོས་ཇི་ལྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི“ལྕགས་ཕུབ”སྐྲུན་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི“ཕོ་ཉའི”འགན་འཁུར་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི“གདོང་ལེན་པ”ཧུར་ཐག་བྱེད་པ་བཅས་ཀྱི་སྐོར་འགོད་རྒྱུ་ཡིན།

    སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ཉི་ཤུ་ཡི་ཐོག་ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་སུ་འབྱོར་བ་དང་། དེ་གར་ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་སྐོར་སྲུང་རུ་ཁག་གི་རུ་མི་དང་མཉམ་དུ་འཛོམས་བྱུང་།

    རླངས་འཁོར་གྱི་སྒོ་ཕྱེ་མ་ཐག་གྲང་རླུང་འུར་འུར་དུ་ལྡང་ནས་ངོ་གདོང་ལ་ན་ཟུག་གཏོང་གི་འདུག རླངས་འཁོར་འགྲམ་དུ་ལངས་པའི་ནག་ཆུ་གྲོང་ཁྱེར་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་དང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མའོ་ཧྲེ་ཕིང་གི་ཁ་རས་སྲུབས་ནས་འཕྱུར་བའི་རླངས་པ་ལས་རྫི་མར་འཁྱགས་པ་ཐེབས། ཁོང་གིས་ལག་ཐོགས་ཁ་པར་ནས་ལྟ་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་12ལ་སླེབས་་ཡོད་པ་རེད།

    “དེ་རིང་སྤྱི་ལེ་500ལྷག་ཙམ་འགྲོ་དགོས་ཡོད”ཅེས་བཤད་ཞོར་མའོ་ཧྲེ་ཕིང་གིས་མིག་གཉིས་བཙུམ་ཙམ་བྱས། ཆུ་ཚོད་དགུ་དང་སྐར་མ་ལྔ་བཅུའི་ཐོག་སྐོར་སྲུང་རུ་ཁག་ཐོན་འགོ་ཚུགས་ཤིང་། ལམ་བར་དུ་སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནེ་རི་འབུལ་མཚོ་དང་། མཚོ་མགོ འབོང་མཚོ། སེར་གླིང་མཚོ་སོགས་ཀྱི་ས་ཁོངས་བརྒྱུད་ཡོད། རླངས་འཁོར་རུ་ཁག་གྲོང་ཁུལ་ནས་ཐོན་མ་ཐག འབྲེལ་གཏུག་ཚོགས་པའི་ནང“དཔལ་མགོན་ཟམ་ཆེན་བསྒྲལ་རྗེས་ང་ཚོས‘གཙོད་གྲངས་རྩིས་པའི’འགྲན་བསྡུར་བྱེད། རི་སྐྱེས་སྲོག་ཆགས་ཐེངས་དང་པོ་མཐོང་མཁན་དང་དེའི་པར་རིས་ཚོགས་པའི་ནང་བསྐུར་མཁན་ལ་བྱ་དགའ་སྤྲོད་རྒྱུ”ཞེས་པའི་འཕྲིན་བསྐུར་འདུག

    སྐར་མ་བཅུ་ལྷག་ཙམ་གྱི་རིང་འཚོལ་བཤེར་བྱས་རྗེས་གང་ཡང་མ་རྙེད་པས་ང་ཚོ་དང་མཉམ་དུ་ཡོང་བའི་མཚོ་གཉིས་རྫོང་གི་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་པ་རྡོ་རྗེ་དོན་གྲུབ་ཀྱིས“ཟླ་བ་གོང་མར་ཞི་བདེ་ཤང་གི་མང་ཚོགས་ཚོས་སྐོར་སྲུང་བྱེད་སྐབས་ཤྭ་བ་ཁ་དཀར་གཉིས་མཐོང་བྱུང་། དེ་ནི་ཧ་ཅང་མཐོང་དཀོན་པོ་རེད། ང་ཚོས་འཕྲལ་དུ་པར་བརྒྱབ་ནས་བདག་སྐྱོང་ས་ཚིགས་ལ་བསྐྱལ་བ་ཡིན”ཞེས་གཏམ་གླེང་འགོ་ཚུགས། ཁོང་གིས་ལག་ཐོགས་ཁ་པར་ནས“དེ་སྔོན་ཤྭ་བ་ཁ་དཀར་དེ་དག་ནག་ཆུའི་དབུས་ཤར་རྒྱུད་དུ་སྡོད་ཀྱི་ཡོད། དེ་ནི་ནུབ་རྒྱུད་ནས་མཐོང་ཐེངས་དང་པོ་ཡིན”ཞེས་པར་དེ་དག་ང་ཚོར་བསྟན་བྱུང་།

    ཚང་མའི་སྤྲོ་སྣང་ཆེ་རུ་སོང་བ་མཐོང་རྗེས་རྡོ་རྗེ་དོན་གྲུབ་ཀྱིས་སླར་ཡང་མི་སེམས་དྲོ་བའི་འདས་དོན་ཞིག་གླེང་། “2020ལོར་ང་ཚོས་སྐྱེས་ནས་ཉིན་གཉིས་གསུམ་ལས་མ་སོང་བའི་འབྲོང་ཕྲུག་གཅིག་བསྐྱབས་པ་ཡིན། དེ་ཨ་མ་དང་ཁ་ཐོར་བས་ང་ཚོའི་བདག་སྐྱོང་པས་ས་ཚིགས་སུ་ཁྲིད་ཡོང་བ་རེད། བདག་སྐྱོང་པས་ཉིན་ལྟར་རེས་མོས་ཀྱིས་ཁྱིམ་ནས་འབྲིའི་འོ་མ་སོས་པ་འཁྱེར་ནས་བསྟེར་ཏེ་ལོ་གཅིག་རིང་ལྟ་སྐྱོང་ཞིབ་ཚགས་བྱས་པ་ཡིན། འབྲོང་ཕྲུག་དེར་རྭ་ཅོ་སྐྱེས་ནས་གཟུགས་སྟོབས་ཆེ་རུ་སོང་རྗེས་གཞི་ནས་ང་ཚོས་གློད་པ་ཡིན”ཞེས་བཤད། རླངས་འཁོར་རུ་ཁག་མཚོ་འགྲམ་དུ་བསྡད་པ་དང་བདག་སྐྱོང་པ་རྣམས་ཀྱིས་སྤང་ལྗོངས་བརྒྱུད་ནས་མཚོ་ངོགས་སུ་བསྐྱོད།

    “འདི་གར་ནི་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་ས་མཐོའི་ཆུ་བྱ་བབ་སྡོད་ཁུལ་རེད” མའོ་ཧྲེ་ཕིང་གིས“ང་ཚོས་འཛོམས་དུས་མ་བཟོས་ཙང་། ཁོང་ཚོ་ཕལ་ཆེར་ཟས་འཚོལ་དུ་སོང་བ་འདྲ”ཞེས་ཀུ་རེ་དང་བཅས་དེ་ལྟར་བཤད།

    ཕྱི་དྲོ། རྒྱང་རིང་ནས་ལྟ་སྐབས་སེར་གླིང་མཚོ་འདི་གནམ་ས་འབྲེལ་མཚམས་སུ་ཐིག་སྔོན་པ་ཞིག་འཐེན་པ་ལྟར་སྣང་རུང་། རླངས་འཁོར་རུ་ཁག་མཚོ་ཁར་འབྱོར་མཚམས་སུ་མིག་མདུན་དུ་འཆར་བ་ནི་འཁྱགས་ཆུ་འདྲེས་མའི་བོད་ཀྱི་ཚྭ་མཚོ་ཆེ་ཤོས་ཏེ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2200ལྷག་ཙམ་ཟིན་པའི་སེར་གླིང་མཚོ་རེད།

    སུ་ཞིག་གིས“མཚོ་འདི་དེ་འདྲའི་མཛེས་པ་ལ། མགྱོཌ་པོ་པར་རྒྱོབ”ཅེས་སྐད་བརྒྱབ། པར་དེ་ཆེ་རུ་གཏོང་སྐབས་དེའི་ནང་གཙོད་མང་པོ་པར་ཐེབས་ཡོད་ཅིང་། མཚོ་ངོགས་དང་རྩྭ་ཐང་གི་འབྲེལ་མཚམས་སུ་གཙོད་བརྒྱ་གྲངས་མང་པོ་ཡོད་པ་ལས། ཁ་ཤས་མགོ་བོ་སྒུར་སྒུར་བྱས་ནས་ཟས་འཚོལ་བ་དང་ཁག་གཅིག་ཁུ་སིམ་མེར་ཀྲོང་ངེར་ལངས་ནས་བྱ་ར་བྱེད་བཞིན་འདུག

    “སེར་གླིང་མཚོའི་ས་བབ་སྨི་4530ཟིན་པ་དང་། ཉེ་བའི་ལོ་ཤས་རིང་། འཁྱགས་པ་བཞུར་ནས་མཚོ་ཁ་མཐོ་རུ་སོང་འདུག” མའོ་ཧྲེ་ཕིང་གི་སྐད་སྒྲ་ལྷགས་པའི་འུར་སྒྲས་ཆད་འགྲོ་ནའང་ང་ཚོའི་རྣ་ལམ་དུ་གསལ་གསལ་ཐིང་ཐིང་ཐོས་ཀྱི་འདུག “2003ལོར་བོད་ལྗོངས་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་བཀའ་ལན་ཐོབ་པ་དང་2018ལོར་སེར་གླིང་མཚོའི་འདམ་ར་རྒྱལ་སྤྱིའི་འདམ་ར་གལ་ཆེན་ནང་བཅུག་ཡོད། སྲུང་སྐྱོང་ཁུལ་དེའི་སྐྱེ་དངོས་རིགས་སྣ་མང་ཕུན་སུམ་ཚོགས་པ་སྟེ། རྒྱལ་ཁབ་ཀྱིⅠརིམ་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་10དང་། རྒྱལ་ཁབ་ཀྱི་Ⅱརིམ་པའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་21 ད་དུང་ཉ་རིགས་Iགི་སྡེ་ཚན་2དང་སྣ་ཁ་10ཡོད། སྦུ་གུའི་རྩི་ཤིང་རིགས་43དང་སྣ་ཁ་403སོགས་ཧ་ཅང་མང”ཞེས་པའི་གཏམ་གླེང་ལས་ནག་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་ལ་སྤོབས་སེམས་ཆེན་པོ་བྱེད་པ་ཚོར་ཐུབ་ལ། རུ་མི་ཚོའི་ཧང་སངས་པའི་སྐད་སྒྲ་དང་རླུང་བུའི་སྒྲ་ལྷན་ཅིག་ཏུ་འགྲོགས་ནས་རྒྱང་རིང་དུ་འཁྱེར།

    ཉི་མ་ནུབ་རིའི་འཕང་བར་ཡིབ་ལ་ཉེ་ཞིང་། གསེར་མདོག་གི་འོད་མདངས་ས་མཐོའི་རི་རྩེར་འཕྲོས། ཚང་མས་ཁུ་སིམ་མེར་སྒེའུ་ཁུང་ནས་ཕྱི་རོལ་ལ་ལྟ་སྐབས་གཙོད་ཁྱུ་རྣམས་སྔར་བཞིན་ལྷོད་ཤིག་གེར་ཟས་འཚོལ་བཞིན་འདུག ཁོང་ཚོའི་གཟུགས་བརྙན་རིམ་བཞིན་མུན་པའི་ཁྲོད་དུ་རབ་རིབ་ཏུ་གྱུར་ནས་ཕྱོགས་བཞིའི་རི་ཀླུང་དང་གཞི་གཅིག་ཏུ་འདྲེས།

    “ང་ཚོས་མུ་མཐུད‘གཙོད་གྲངས་ཀ་རྒྱག་དགོས’དེ་དག་ཟིན་ཐོར་བཀོད་དེ་གྲངས་གཞི་ནས་མངོན་པར་བྱེད་དགོས”ཞེས་མའོ་ཧྲེ་ཕིང་གིས་དལ་གྱིས་བརྗོད།

    རླངས་འཁོར་རུ་ཁག་མུན་པའི་ཁྲོད་དུ་མུ་མཐུད་མདུན་ལ་སྐྱོད། རྒྱབ་ཤེལ་ནས་ལྟ་སྐབས་སེར་གླིང་མཚོ་རིམ་གྱིས་མཚན་གྱི་མུན་པའི་ཁྲོད་ནས་མི་གསལ་བར་གྱུར་ཡང་། གཙོད་ཀྱི་མིག་ཟུང་དག་ས་མཐོའི་ཁུག་སོ་ཞིག་ན་དབེན་འཇགས་སེར་འོད་ལམ་ལམ་དུ་འཚེར་བཞིན་པ་དང་འདྲ།

    ཟླ་12ཚེས་20ཉིན་གྱི་དགོང་མོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།