ལྗང་མདོག་སྒུལ་ནུས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ཀྲའོ་ཝ་50ཟིན་པའི་འོད་ཤུགས་ནུས་གསོག་རྣམ་གྲངས་ཡིན་པ། (མི་མེད་གནམ་གྲུས་པར་བརྒྱབ)
བོད་ཀྱི་ནུས་རྒྱུ་གཙང་མའི་འཕེལ་ཕྱོགས་སྐོར་ལ། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་རྡོ་རྗེས“བོད་ཀྱི་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་གཙང་ལ་བསྐྱར་སྐྱེས་ཐུབ་པའི་ནུས་འབོར་ཧ་ཅང་ཕུན་སུམ་ཚོགས་ཤིང་། རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད”ཅེས་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་སུ་ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་དར་ནས་ཀ་རྟེན་ཐོན་ལས་གལ་ཆེན་དུ་གྱུར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3300ལས་བརྒལ་བ་དང་། བསྐྲུན་ཟིན་པའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1300ལས་བརྒལ་ནས། དེ་གཉིས་ཀས“ལོ་ལྔ་ཚན་བཅུ་བཞི་པ”དང་2025ལོའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཏེ། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།
རྣམ་གྲངས་ཀྱིས་འདེགས་སྐྱོར། ལྗང་མདོག་སྒུལ་ནུས་འཕེལ་ཤུགས་ཆེ་བ།
ད་ལོའི་ཟླ་བ་གསུམ་པར། བོད་ཀྱི་འོད་གསོག་གློག་ཁང་ཆེ་ཤོས་ཏེ། ཧྭ་ནུས་སྐྱ་པའི་དུས་ཐེངས་དང་པོའི་འོད་གསོག་གློག་ཁང་བསྐྲུན་པ་དང་གློག་དྲ་སྦྲེལ་ནས་གློག་བཏང་ཞིང་། གློག་ཁང་དེ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སྐྱ་པ་གྲོང་ཚོར་གནས་པ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་25ཟིན་པ་དང་ཆབས་ཅིག ཆུ་ཚོད་རེར་ཀྲའོ་ཝ་50/ཀྲའོ་ཝ་200ཡི་ནུས་གསོག་མ་ལག་སྒྲིག་སྦྱོར་བྱས་ཡོད། མ་ལག་དེས་ཉིན་མོའི་གློག་ནུས་ལྷག་མ་རྣམས་བསགས་ནས་མཚན་མོར་བསྟུད་མར་གློག་ཆུ་ཚོད་4ཙམ་གཏོང་ཐུབ་ནས་ཡུལ་དེའི་གློག་ཤུགས་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
སྐྱ་པའི་དུས་ཐེངས་དང་པོའི་འོད་གསོག་གློག་ཁང་བསྐྲུན་པ་དེ་ནི་རང་ལྗོངས་ཀྱིས་རྣམ་གྲངས་འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ་དང་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་བསྡུས་རིས་ཤིག་རེད།
ད་ཕན་ལོ་ཤས་རིང་། ནུས་རྒྱུ་གཙང་མའི་རྣམ་གྲངས་ཁག་གཅིག་རང་ལྗོངས་སུ་དོན་འཁྱོལ་བྱས་པ་དང་དེའི་ཁྲོད་ཀྱི་ཆུ་གློག་དང་། འོད་གློག རླུང་གློག་སོགས་རྣམ་གྲངས་མང་པོ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་བསྐྲུན་ནས་གཉེར་སྐྱོང་བྱས་ཏེ་རྩ་ཆེའི་ཉམས་མྱོང་བསགས་ཡོད། དེས་ན་རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དེ“ཆེད་དོན་གཙོ་བོར”བརྩིས་ནས་གཅིག་སྡུད་ཞིབ་མཆན་དང་མྱུར་ཞིབ་མྱུར་མཆན་གྱིས་ནུས་རྒྱུ་གཙང་མའི་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།
ཟླ་བ་དགུ་པར། དུས་ཡུན་ལོ་2སྤྱད་ནས་བསྐྲུན་པའི་འཛམ་གླིང་གི་ས་མཐོའི་ཆུ་གློག་འཕྲུལ་ཙུའུ་ཐོན་ཞིབ་རྟེན་གཞི་ཐོག་མ་ཉིང་ཁྲིར་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ས་མཐོར་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་ཀྱི་བརྟེན་ས་གལ་ཆེན་ཡིན་པའི་རྟེན་གཞིས“ཐོན་སློབ་ཞིབ་སྤྱོད”བཅས་གཞི་གཅིག་ཅན་གྱི་གསར་གཏོད་འཁོར་འབྲེལ་བཙུགས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་སྐྲུན་བཞིན་པ་དང་འཆར་འགོད་བྱེད་བཞིན་པའི་ཆུ་གློག་རྣམ་གྲངས་36ལ་ཞབས་འདེགས་ཞུས་པས། གོ་ལ་ཧྲིལ་པོའི་ས་མཐོའི་ཆུ་གློག་གི་ལྟེ་བའི་སྒྲིག་ཆས་ས་གནས་དེ་རང་དུ་ཞིབ་སྤེལ་བྱེད་པའི་སྟོང་ཆ་གསབ་པ་རེད།
གྲངས་གཞི་ལས་མངོན་པར། 2025ལོར་ལྗོངས་ཡོངས་སུ་གློག་འདོན་ཚད་དང་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་དུས་མཚུངས་ལས་12%དང་14%སོ་སོར་འཕར་བ་དང་། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱིས་གློག་གཏོང་ཚད་96%ཡན་བཟུང་བ། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་100%ཙམ་བཟུང་བ་བཅས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲངས་གཞི་ལས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་དེ་རྣམ་གྲངས་བཀོད་པ་ནས་གཡུར་ཟའི་གྲུབ་འབྲས་བར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ལྗོངས་ཕྱིར་གློག་བཏང་བ། དུད་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ།
ད་ལོའི་ཟླ་བ་དགུ་པར། བོད་ཀྱི་ལྗང་མདོག་གློག་ཤུགས་ས་ཁོངས་བསྒྲལ་ནས་ཧྲང་ཧའེ་རུ་གློག་ཐོག་མར་བཏང་སྟེ། ཧྲང་ཧའེ་དང་བོད་ཀྱི་ས་ཁོངས་སྒྲོལ་བའི་ལྗང་མདོག་གློག་ཤུགས་ཕྱིར་གཏོང་གི་ཉོ་ཚོང་ཐོག་མ་བདེ་བླག་ངང་དོན་འཁྱོལ་བྱས་པས། ཉོ་ཚོང་གི་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་785ཟིན་ནས་སྔོན་དཔག་བྱས་ན་ཧྲང་ཧའེ་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་2.41ཉུང་དུ་གཏོང་བ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་6.01འབུད་ཉུང་དུ་གཏོང་རྒྱུ་རེད།
ལྗང་མདོག་གློག་ཤུགས་དེ་ས་མཐོའི་རི་ཀླུང་བརྒལ་ནས་ཧྲང་ཧའེ་རུ་གཏོང་ཐུབ་པ་དེ་བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པར་སྐུལ་འདེད་མགྱོགས་མྱུར་བཏང་བ་ལས་བྱུང་བ་ཞིག་རེད། “བོད་དུ་ཆུ་གློག་གིས་གཙོ་བོར་བྱེད་པ་དང་ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་བཅས་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་རགས་ཙམ་ཆགས་པ་མ་ཟད། ད་དུང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་གློག་དྲ་དང་ཕན་ཚུན་སྦྲེལ་མཐུད་ཐུབ་ཡོད”ཅེས་རྡོ་རྗེས་བཤད།
2015ལོར་ཕྱིར་གཏོང་ཐོག་མ་བྱས་ཚུན“བོད་གློག་ཕྱིར་གཏོང”དེ་ཧྲང་ཧའེ་དང་། པེ་ཅིང་། ཧུའུ་ནན། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ཙམ་ལ་ཁྱབ་ནས་ས་ཁོངས་ཀྱི་ནུས་རྒྱུ་མཐུན་སྦྱོར་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 2025ལོར་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཕྱིར་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་63.32ཟིན་ཡོད་པ་རེད།
“བོད་ཀྱི་ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱས་པ་དེས་ས་གནས་དེ་གའི་དགོས་མཁོ་བསྐངས་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་བྱུང་ཁར། དེ་བས་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་དང་ཐཱན་ཚད་སྙོམ་སྦྱོར་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད”ཅེས་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་མེ་ཧྥང་ཆོན་གྱིས་བཤད།
ད་ལོ། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ནས་མཚོ་སྔོན་དང་བོད་ལྗོངས་དབར་གྱི་གློག་གཏོང་ནུས་ལྡབ་གཅིག་འཕར་ནས་ཆན་ཝ་ཁྲི་120ཟིན་ཡོད། གློག་ཤུགས་བགྲོད་ལམ་དེས་ཆུ་བོ་རྒྱས་དུས་བོད་ཀྱི་ཆུ་གློག་ལྷག་མ་ཕྱིར་གཏོང་ཐུབ་པ་དང་ཆུ་ཆུང་དུས་ཆུ་གློག་བོད་དུ་འདྲེན་ཐུབ་ནས་ནུས་རྒྱུའི་དགོས་མཁོ་དོ་སྙོམས་འགན་ལེན་ནུས་ལྡན་བྱས་ཏེ་བོད་ཀྱི“ལྗང་མདོག་གློག་ཤུགས”ཀྱི་རིན་ཐང་དེ་བས་ཡངས་པའི་ཁྲོམ་རའི་ཐོག་མངོན་པར་བྱས་ཡོད།
གཞན་ཡང་། རང་ལྗོངས་ཀྱི་གློག་དྲ་གལ་ཆེན་ལ་མཆོང་སྐྱོད་ལྟ་བུའི་རིམ་སྤོར་བྱུང་ནས་གཅིག་གྱུར་གློག་དྲ་གྲུབ་སྟེ་མཚོ་བོད་དང་། ཁྲོན་བོད། བོད་དབུས་བཅས་དང་དེ་བཞིན་མངའ་རིས་ཀྱི་དྲ་སྦྲེལ་ལས་གྲྭ་ཁག་བཞིའི“གློག་ཤུགས་མཁའ་ལམ”ལྗོངས་ཡོངས་སུ་ཤར་གཏོང་ཐུབ་ནས་རྫོང(ཆུས་དང་གྲོང་ཁྱེར)74ལ་ཁྱབ་སྟེ། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་གློག་སྤྱོད་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། རང་ལྗོངས་ཀྱིས་ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་ནས་རྒྱལ་ཡོངས་སུ་མཉམ་སྤྱོད་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
དམངས་འཚོར་ཕན་བཏགས་པ། བདེ་སྣང་ཆེ་རུ་བཏང་བ།
ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི་4500ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་ཏུ་སླེབས་པས། ལོ་གཅིག་ནང་དྲོད་རླངས་ཟླ་བ་བདུན་ཙམ་གཏོང་དགོས་ཀྱི་ཡོད། “དགུན་ཁ་དྲོ་སོབ་སོབ་ཡོང་བར་བྱ་རྒྱུ”དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དོན་ཆེན་ཞིག་རེད།
ད་ལོ་ནག་ཆུ་གྲོང་ཁྱེར་གྱི་དྲོད་གཏོང་ལས་དོན་ལ་འཕེལ་རྒྱས་གལ་ཆེན་བྱུང་ཞིང་། རྒྱལ་ནང་གི་ཁེར་རྐྱང་དྲོད་གཏོང་རྒྱ་ཁྱོན་ཆེ་ཤོས་དང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་འོག་ཚ་ནུས་གཅིག་སྡུད་དྲོད་གཏོང་ལས་གྲྭ“ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་རྒྱུད་ཀྱི་གྲོང་གསར་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་ཚོད་ལྟའི་རྣམ་གྲངས”ཀྱི་དུས་ཐེངས་གཉིས་པ་སྤྱོད་འགོ་ཚུགས་ནས་གྲོང་ཁུལ་གྱི་སྨི་ངོས་གྲུ་ཁྲི་145ཙམ་ལ་དྲོད་གཏོང་གི་ཡོད།
མིག་སྔར་རང་ལྗོངས་ཀྱིས་གློག་དྲ་གཙོ་བོ་སྣུར་སྲིང་དང་། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་མཐོར་གཏོང་ལས་གྲྭ གློག་ཤུགས་ཞན་པའི་རྫོང་ཁོངས་ཀྱི་གློག་ཤུགས་ཁ་གསབ་རྣམ་གྲངས་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཐག་རིང་གྲོང་ཚོ་དང་གྲོང་རྡལ་གྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པས། གློག་དྲ་གཙོ་བོའི་གློག་གཏོང་བརྟན་ཚད་99%ཡན་མཐོ་རུ་ཕྱིན་ཡོད་པ་རེད།
ད་ཆ་བོད་ཀྱི་ལྗང་མདོག་གློག་ཤུགས་ས་མཐོའི་ཡུལ་ལུང་གང་སར་ཁྱབ་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་ཐཱན་ཉུང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཏེ། ས་མཐོའི་་མཛེས་ལྗོངས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།