“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་མུ་འབྲེལ་འཕྲིན་སྤེལ།
ས་མཐོའི་ཡུལ་ལྗོངས་མཚར། ཉང་ཆུའི་ངོགས་གཉིས་མཛེས།

འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཉང་ཆུའི་རྡོ་ཕུག་ཟམ་ཆེན་ཡིན་པ།
གཡུ་འབྲུག་སྔོན་མོ་ས་ལ་རྒྱུ་འདྲའི་ཉང་ཆུ་གཙང་པོ་འདི་ཉིད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་བརྒྱུད་ནས་རྒྱང་རིང་དུ་དལ་གྱིས་བཞུར་ངོགས་གཉིས་སུ་གྲོང་ཁྱེར་དང་ཞིང་གྲོང་བལྟོས་བཅས་ཀྱིས་འདུས་ཆེ་བ་དང་། སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་ཞིང་ཁ་དང་ཚང་ཚིང་གི་ནགས་ཚལ་གཅིག་ལ་གཅིག་གིས་བརྒྱན་པ་ལྟར་སྣང་། དེ་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ཆུ་ལག་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད་ལ། ཉིང་ཁྲིའི་མི་དམངས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི“མ་ཡུམ་གཙང་པོ”ཞིག་དེ་བས་ཀྱང་རེད།
ཉང་ཆུ་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྤྱིར་ན་ཡག་པོ་ཡོད་མོད། འོན་ཀྱང་ཆུའི་ཐོན་ཁུངས་ཡུལ་དུས་ཀྱི་ཁྱབ་ཚུལ་དོ་སྙོམས་པོ་མེད་པ་དང་ཁོར་ཡུག་ཚོར་སྐྱེན་ཅུང་ཞན་པོ་ཡོད། ལྷག་པར་དུ་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོའི་འདྲེས་མཚམས་དང་ཐག་ཉེ་བའི་ཡར་ཉང་འདམ་རའི་མཐའ་འཁོར་དུ་ཡར་ཀླུང་གཙང་པོའི་བར་རྒྱུད་ནས་བྱེ་མ་འབོར་ཆེན་འཁྱེར་ཡོང་བ་དང་། ཆུ་སྐམ་དུས་བྱེ་འདམ་འཁྱིལ་བ། ཆུ་ཡུར་བརྟན་པོ་མེད་པ་སོགས་ཀྱིས་རྐྱེན་པས། སྔོན་ཆད་ཉང་ཆུ་གཙང་པོའི་སྨད་རྒྱུད་ཀྱི་ངོགས་གཉིས་སུ། དགུན་དཔྱིད་འཆར་རིམ་བཞིན་གང་ས་གང་ནས་བྱེ་རླུང་འཚུབ་ཀྱི་ཡོད།
འཕེལ་རྒྱས་ཀྱི་དགོས་མཁོ་ནི་འགྱུར་ལྡོག་གཏོང་བའི་སྒུལ་ཤུགས་ཡིན།
ཁོར་ཡུག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ལེགས་པོ་ཡོང་ཆེད། གཙང་འགྲམ་དུ་འཚོ་བཞིན་པའི་མང་ཚོགས་ཀྱིས་ལོ་དང་ཟླ་བ་བསྟུད་ནས་གཙང་འགྲམ་དང་བྱེ་གླིང་དུ་ལྕང་མ་བཙུགས་ཏེ། བྱེ་རླུང་བཀག་པ་དང་ཁྱིམ་གཞིས་བསྐྲུན་ཡོད།
2005ལོར་ཡར་ཉང་འདམ་རའི་སྐྱེ་ཁམས་ཉམས་གསོ་རིམ་བཞིན་མགྱོགས་སུ་བཏང་བ་དང་། 2009ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་འཛུགས་པའི་ཆོག་མཆན་ཐོབ་པ་དང་ཆབས་ཅིག་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོའི་ཚ་རླབས་གཙང་འགྲམ་གྱི་གྲོང་ཚོ་ཁག་ཏུ་འཕྱུར་ནས། རླུང་འགོག་བྱེ་འཇགས་དང་ཁྱིམ་གཞིས་སྔོ་འགྱུར་དེ་རིམ་བཞིན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་མཆོག་ཚེ་རིང་གིས“ལོ་བཅུ་ལྷག་ཙམ་འཚོལ་ཞིབ་བྱས་པ་བརྒྱུད། གནས་དེར་རྒྱ་ལྕང་དང་སྐྱི་བ་ཤིང་བཏབ་ན་གསོན་ཚད་མཐོ་ལ་བྱེ་བཅོས་ནུས་པ་ཡག་པོ་ཡོད་པ་ང་ཚོས་ཤེས་བྱུང་། དེར་བརྟེན་ལོ་ལྟར་མང་ཚོགས་སྒྲིག་འཛུགས་བྱས་ནས་འདེབས་ཀྱི་ཡོད། དེ་སྔའི་ལོ་གཅིག་ལ་མུའུ་1000ལྷག་ཙམ་འདེབས་པ་ནས་ཕྱིས་སུ་མང་ཤོས་སྐབས་ལོ་གཅིག་ལ་མུའུ་5000འདེབས་པའི་བར་ཤིང་འཛུགས་ནགས་བཟོའི་ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་འདུག”ཅེས་བཤད།
ད་ཆ་སད་སྒོ་རྭ་གྲོང་ཚོའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ད་དུང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ལ་བརྟེན་ནས་ས་གནས་དེ་གར་མིང་གྲགས་ཅུང་ཟད་ལྡན་པའི་སྔོ་ཚལ་དང་ཤིང་འབྲས་ཐོན་ཡུལ་དུ་གྱུར་ཡོད།
ཉང་ཆུ་གཙང་པོའི་མཐའ་འཁོར་གྱི་མང་ཚོགས་རྣམས་རང་འགུལ་ངང་སྐྱེ་ཁམས་ལེགས་བཅོས་དང་གྲོང་གསེབ་ཀྱི་རྣམ་པ་འགྱུར་ལྡོག་གཏོང་བའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་སྲིང་ལྷོད་མེད་ངང་འབབ་རྒྱུད་ཧྲིལ་པོར་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་སྔ་ཕྱི་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད།
ཆུ་མོ་དྭངས་ཤིང་གཙང་བ་དང་སྔོ་ལྗང་གཡུ་ལོས་བརྒྱན་པ་དེ་ནི་ཉིང་ཁྲིའི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཚད་དང་བློ་སེམས་གཅིག་ཏུ་གཏད་ས་དེ་ཡིན།
2016ལོ་ནས་2025ལོའི་ཟླ་6པའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་ཉང་ཆུ་གཙང་པོའི་འབབ་རྒྱུད་ལ་དམིགས་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྣམ་གྲངས་སྣ་ཚོགས་ཁག་110ལྷག་ཙམ་ལག་ལེན་བསྟར་བ་དང་། དོན་འཁྱོལ་བྱས་པའི་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་ཡོད། མི་ཐབས་ནགས་བཟོ་མུའུ་ཁྲི་27.8མང་དུ་བཏང་བ་དང་། བྱེ་འགྱུར་ས་ཞིང་མུའུ་ཁྲི་19.3བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི་41བདག་སྐྱོང་བྱས་པ། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆུའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་བརྟན་པོ་ཡོང་ཚད་རིམ་པ་Ⅱལ་སླེབས་པ་དང་ཆུའི་བྱེད་ནུས་ཁུལ་གལ་ཆེན་ཕྱོགས་ཡོངས་ནས་ཚད་གཞི་ལོན་པ། ཉ་རིགས་ཐོན་ཁུངས་ཚན་པ་2དང་། སྡེ་ཚན་4 གཏོགས་ཁོངས་10བཅས་མང་དུ་ཕྱིན་པ། གཙང་ཉ་ལྷིང་བུ་སོ་ཧྲལ་སོགས་རྩ་ཆེའི་ཉ་རིགས་སླར་ཡང་ཐོན་པ། འབབ་རྒྱུད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད།
2024ལོའི་ཟླ་12པར། ཉང་ཆུ་གཙང་པོ་འདི་ཉིད་ད་དུང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་མོའི་ཕུལ་བྱུང་དཔེ་མཚོན་ཁག་གསུམ་པར་བདེ་བླག་ངང་བདམས་པ་དང་། ངོགས་གཉིས་ཀྱི་མི་དམངས་ཀྱིས་རི་ཆུ་སྲུང་སྐྱོང་ཧུར་ཐག་བྱས་པ་དང་ཉང་ཆུ་གཙང་པོའི་སྐྱེ་ཁམས་བར་ཁྱམས་ཀྱི་མཛེས་སྡུག་ལ་དེ་བས་གདེང་འཇོག་མཐོ་པོ་ཐོབ་ཡོད།
ད་ཆ་ཀོང་པོ་རྒྱ་མདའ་རྫོང་གིས་ཉང་ཆུ་གཙང་པོའི་ཆུ་ལག་མཚོ་ཆུ་ལོང་པོ་ཆུ་རྒྱུད་དུ་གནས་པའི་བྲག་ཆུ་གྲོང་རྡལ་དང་། འབྲུག་ལ་ཤང་། མཚོ་འགོ་ཤང་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ལས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། ལམ་རྒྱུད་ཀྱི་ཡུལ་སྐོར་སྤྲོ་གསེང་དང་། དམངས་སྲོལ་གནས་ཚང་གི་དཔལ་འབྱོར། ནགས་ཁྲོད་འདེབས་འཛུགས། ཕྱི་རོལ་གྱི་ལུས་རྩལ་སོགས་ཐོན་ལས་ཐོན་ཁུངས་ཀྱི་ལེགས་ཆ་སྐྱེད་སྲིང་ཧུར་ཐག་བྱས་ནས། བྲག་གསུམ་མཚོའི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་ལས་ཁུལ་འཛུགས་སྐྲུན་བྱས་པས། མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ཀྱི་ཡོང་འབབ”དང“ཡུལ་སྐོར་གྱི་ཡོང་འབབ”རག་བཞིན་ཡོད།
མཚོ་འགོ་ཤང་བྱེ་པ་གྲོང་ཚོ་ནི་མཛེས་སྡུག་ལྡན་པའི་བྲག་གསུམ་མཚོའི་འགྲམ་དུ་གནས་ཤིང་། ཡུལ་སྐོར་སྤྲོ་གསེང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཚང་མས་དམངས་སྲོལ་གནས་ཚང་བཙུགས་ཏེ་དུད་ཚང་ཚང་མར་ཡོང་འབབ་རག་བཞིན་ཡོད། ཡུལ་མི་བསོད་ནམས་སྒྲོལ་དཀར་གྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པས། ང་ཚོས་དམངས་སྲོལ་གནས་ཚང་ཐོག་སོ་གསུམ་ལྡན་ཞིག་རྒྱག་ཐུབ་པ་ནི་རི་སྔོན་ཆུ་དྭངས་ལ་བརྟེན་ནས་བྱུང་བ་ཡིན” ཞེས་བཤད།
འབྲེལ་ཡོད་གསར་འགྱུར།