ཁོར་ཡུག་མཛེས། སྒྲིག་བཀོད་འཛོམས། ཞབས་ཞུ་ལེགས།
གཞིས་རྩེའི་གྲོང་གསེབ་ཀྱི་འཕོ་འགྱུར་སྐོར་བཀོད་པ།
“ད་ཆའི་འཚོ་བ་སྐྱིད་པོ་འདི་འདྲ་རྨི་ལམ་དུའང་རྨི་མྱོང་མེད”ཅེས་ལོ་58ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་འཛོམས་དཔེ་གྲོང་ཚོའི་གྲོང་མི་བསོད་ནམས་ཀྱིས་གྲོང་ཚོའི་གཞུང་ལམ་ནས་བཟོ་བཀོད་ལེགས་ཤིང་ཁམས་གཙང་བའི་བོད་བཟོའི་སྡོད་ཁང་དང་རིགས་དབྱེའི་གད་སྙིགས་བླུག་སྣོད་ལ་ལྟ་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྗོད། དེ་སྔ་མི་ཕྱུགས་མཉམ་སྡོད་དང་གང་སར་གད་སྙིགས་ཀྱིས་ཁེངས་པའི་འཛོམས་དཔེ་གྲོང་ཚོ་དེ་ཉིད་ད་ཆ“ཁོར་ཡུག་མཛེས་པ་དང་། སྒྲིག་བཀོད་འཛོམས་པ། ཞབས་ཞུ་ལེགས་པ”བཅས་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་གསར་པར་གྱུར་ཡོད།
ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་རྗེས་གྲོང་ཚོར་འཕོ་འགྱུར་ཆེན་པོ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཙོ་གནད་ལ་དམིགས་པ་དང་བརྒྱུད་རིམ་ལྡན་པའི་ཇུས་བསྟར་གྱིས་གྲོང་ཚོ་འཛུགས་སྐྲུན་དང་། གསང་སྤྱོད་གསར་བརྗེ། ཁོར་ཡུག་གཙང་བཟོ། སྐྱེ་ཁམས་ཉམས་གསོ་དང་སྦགས་བཙོག་བཅོས་སྒྲིག་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཟབ་མོ་ཡོང་བར་སྐུལ་འདེད་བཏང་བས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུད་མཐུད་ཆེ་རུ་ཕྱིན་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཧུར་ཐག་བསལ་ཡོད། 2025ལོར་གཞིས་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་6.56བཏང་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་40བསྐྲུན་པའི་ལས་འགོ་ཡོངས་སུ་བཙུགས་པ་དང་། ད་ཆ་སྤྱིའི་འཛུགས་སྐྲུན་གྱི་འཕེལ་རིམ་90%ཟིན་པ་དང་དེའི་ཁྲོད་ནས་མཛེས་མཐུན་གྲོང་གསེབ་23བསྐྲུན་ཟིན་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་400རང་སྐྱོང་ལྗོངས་ཀྱི་མཛེས་མཐུན་གྲོང་གསེབ་འཛུགས་གཏོད་ཀྱི་ཁས་ལེན་ཚད་གཞིར་སླེབས་ཡོད།
འཆར་འགོད་ཁྲིད་སྟོན་དང་། ལག་རྩལ་གྱི་རྒྱབ་སྐྱོར། མ་དངུལ་གྱི་རོགས་སྐྱོར་བཅས་བརྒྱུད་འཚོ་བ་དང་གསོ་ཚགས་ཁུལ་རྦད་དེ་ལོགས་སུ་དབྱེ་བར་སྐུལ་འདེད་བཏང་བ་མ་ཟད། དོ་དམ་བྱེད་མཁན་བཀོད་སྒྲིག་གསལ་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་གཅིག་སྡུད་གསོ་ཚགས་བྱ་རྒྱུ་ཁྱབ་གདལ་བཏང་ཡོད། 2025ལོར་དུད་ཚང་27067མི་ཕྱུགས་ལོགས་དབྱེ་ཟིན་པ་བྱ་རྩིས་ཡོད་པ་དང་མིག་སྔར་དུད་ཚང་21758ལོགས་དབྱེ་ཟིན་ཏེ་ལེགས་གྲུབ་ཐུབ་ཚད་80%ཟིན་ཡོད།
མཚམས་ཚིགས་གལ་ཆེན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཟུང་འབྲེལ་བྱས་ནས་མང་ཚོགས་ཞུགས་པའི་སྐུལ་སློང་རྒྱ་ཁྱབ་བྱས་ཡོད། ད་ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་30ལྷག་ཙམ་སྐུལ་སློང་དང་། བཅོས་སྒྲིག་ཐེངས་ཁྲི་4ལྷག་ཙམ། གད་སྙིགས་ཏུན་7700ལྷག་ཙམ་གཙང་སེལ་བཅས་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ཁམས་སླར་གསོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། 2025ལོར་གྲོང་ཁྱེར་ཡོངས་སུ་ནགས་བཟོའི་ལས་འགན་མུའུ་ཁྲི་35.83ལག་ལེན་བསྟར་བའི་ནང་ནས་མུའུ་ཁྲི་24.89ལེགས་གྲུབ་ཟིན་པ་དང་། འོས་འགན་ཤིང་འཛུགས་མུའུ་ཁྲི་1.75བྱས་པ་དེ་རྫོང་དང་ཆུས་18ལ་ཁྱབ་ཡོད། དེ་དང་ཆབས་ཅིག རྩྭ་ར་བསྙལ་ནས་ལྕགས་དྲ་བསྐོར་བ་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། རྩྭ་ཐང་ལེགས་བཅོས་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་འབྲེལ་མ་དངུལ་སྒོར་ཁྲི་309བཏང་ནས་གནའ་བོའི་ལྗོན་ཤིང་123ལ་སྒྲོམ་སྐྱོར་བཟོས་ནས་བརྟན་དུ་བཏང་སྟེ། གྲོང་གསེབ་ཀྱི་སྐྱེ་ཁམས་དང་ལོ་རྒྱུས་ཀྱི་དྲན་ཤེས་སྲུང་སྐྱོབ་བྱས་ཡོད།
སྦགས་བཙོག་བཅོས་སྐྱོང་ཐད། གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་ཇུས་འདོན་བྱས་པས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བརྟན་པོ་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྐྱོང་གི་སྒྲིག་བཀོད་39བསྐྲུན་པ་དང་། སྲིད་འཛིན་གྲོང་ཚོ་1682ཁྲོད་ནས་སྲིད་འཛིན་གྲོང་ཚོ་978ཀྱི་བཙོག་ཆུ་བཅོས་སྐྱོང་བྱས་ཟིན་ནས་བཅོས་སྐྱོང་བྱེད་ཚད་54.8%ཟིན་ཡོད།
འཐུང་ཆུའི་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་པ་དང་། གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་56དབྱེ་འབྱེད་གཏན་འབེབས་དང་མཚོན་རྟགས་གསར་བརྗེ་བྱས་པ་བརྒྱུད། ལྟ་ཞིབ་ཚད་ལེན་བྱས་འབྲས་རྒྱུན་མཐུད་ཚད་གཞི་ལོན་ཡོད་པ་རེད། ལྗང་མདོག་ཞིང་ལས་ཀྱི་འདུ་ཤེས་ཁྱབ་གདལ་གཏིང་ཟབ་བཏང་བ་དང་མུའུ་ཁྲི་78ལ་ས་ཆོད་ལུད་སྦྱོར་བྱས་པ་བརྒྱུད་རྫས་ལུད་དང་ཞིང་སྨན་གཉིས་ཀའི་སྤྱོད་ཚད་འཕར་མེད་པ་དང་། ཁྱིམ་ལུད་ཕྱོགས་བསྡུས་སྤྱོད་ཚད་93%ཟིན་པ། འགྱིག་ཤོག་སྲབ་མོའི་སྙིགས་རོ་ཚུར་བསྡུའི་ས་ཚིགས་30བཙུགས་ནས་ཚུར་བསྡུ་བྱེད་ཚད་90%ཟིན་ཏེ་ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།