སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ལ་བརྟེན་ནས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོར་བོད་ཀྱིས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ལ་བརྟེན་ནས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཤིང་། “བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱིས་འཛད་སྤྱོད་ཁ་གསབ་ལ་སྐུལ་འདེད་གཏོང་བ”དང“རང་སར་ཡུལ་སྐོར་གྱི་འཛད་སྤྱོད་ཁ་གསབ་སྤྲོད་པའི”བྱེད་སྒོ་ལོ་ཧྲིལ་པོར་སྤེལ་ནས། སྔོན་ལ་ཡུལ་སྐོར་དང་རྗེས་ལ་ཁ་གསབ་སྤྲོད་པ་དང་། འཕྲལ་ཉོ་འཕྲལ་གཅོག་སོགས་ཀྱི་བྱ་ཐབས་བརྒྱུད། རིམ་རྩིས་བརྒྱབ་ན། སྒོར་ཁྲི་5800རི་བའི་འཛད་སྤྱོད་འཛིན་ཤོག་སྤྲད་པར་འཛད་སྤྱོད་སྒོར་དུང་ཕྱུར་2ཙམ་བྱེད་པར་སྐུལ་ཁྲིད་ཐུབ་ཡོད།
འཛད་སྤྱོད་ཀྱི་ཁ་གསབ་མུ་མཐུད་སྤར་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་4300བཏོན་པའི་ཁར། འཛུགས་སྐྲུན་དངུལ་ཁང་དང་། ཞེ་ཁྲེང་ལས་སྟེགས་དང་མཉམ་དུ“གཞི་རྩའི་ཁ་གསབ་དང་འཕར་འབོར་སྐུལ་སློང་ཟུང་འབྲེལ”གྱི་སྣ་འདུས་རྣམ་གྲངས་བཏོན་པ་སྟེ། གནམ་གྲུར་བསྡད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཁ་གསབ་མཐོ་ཤོས་སྒོར་1000སྤྲད་པ་དང་། ཉིན་བཞི་ཡན་སྡོད་མཁན་ལ་ཉིན་རེའི་ཞག་སྡོད་འགྲོ་གྲོན་ཁ་གསབ་སྒོར་200སྤྲད་དེ་མཐོ་ཤོས་ལ་བསྟུད་མར་ཁ་གསབ་སྒོར་800སྤྲད་པ། རང་ཉིད་ཀྱི་བུ་ཕྲུག་དང་། རྒན་རྒོན། སློབ་མའི་ཚོགས་པ་བཅས་ལ་ལོགས་སུ་སྒོར་600ཟིན་པའི་ཆེད་སྤྱོད་ཁུག་དམར་སྤྲད་པ་བཅས་ཡིན། ཀྲུང་གོ་རྡོ་སྣུམ་ཀུང་སིས་ཞེ་ཁྲེང་ལས་སྟེགས་དང་མཉམ་དུ་སླར་ཡང་མ་དངུལ་སྒོར་ཁྲི་600བཏང་ནས“ཡུལ་སྐོར་དང་སྣུམ་རིན་ཟུང་འབྲེལ”གྱི་ལས་སྟེགས་ཟུང་གི་ཁུག་དམར་སྤྲོད་རྒྱུ་རང་འཁོར་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་མ་ཟད། ལྗོངས་ཡོངས་སུ་སྒོར་ཁྲི་1500ཟིན་པའི“ས་གནས་ལ་ཡུལ་སྐོར་བྱེད་པའི”འཛིན་ཤོག་སྤྲད་ནས་གློག་བརྙན་ཁང་དང་། དེབ་ཁང་། སྨན་ལུམས། རིག་གནས་བསམ་བཀོད་ཚོང་ཁང་ཆུང་ངུ་སོགས་ཀྱང“གྲོགས་ཚོགས”ནང་བསྡུས་ཡོད།
འཁྲབ་སྟོན་དང་དུས་ཆེན་རྟེན་འབྲེལ་གྱིས་ལྟད་མོ་བ་མང་པོའི་ཡིད་དབང་འགུགས་ཐབས་བྱས་ཤིང་། “སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱིས་མཛེས་ལྗོངས་ཁུལ་ལ་རིག་རྩལ་འཁྲབ་སྟོན་ཐེངས་1080བྱས་པ་མ་ཟད། “གྱོན་ཆས་རིག་གནས་རྒྱུན་འཛིན”གྱི་གྱོན་ཆས་རིག་གནས་གཟའ་འཁོར་དང་། “བོད་ཟས་བྲོ་བ”མྱོང་བའི་གཟའ་འཁོར་གྱིས་སྲོལ་རྒྱུན་གྱི་ལག་རྩལ་དང་ལྕེ་ཐོག་གི་བྲོ་བའང་མཉམ་དུ་མངོན་པར་བྱས་ཡོད་ལ། 2025ལོའི་བོད་ཀྱི་གློག་རྡུལ་རྩལ་འགྲན་འགུལ་རིས་ཀྱི་རིག་གནས་དང་ཡུལ་སྐོར་གཟའ་འཁོར་གྱིས་ལས་རིགས་དེའི་སྟོང་ཆ་བསབས་ནས་དྲ་ཐོག་དང་དྲ་ཕྱིར་ཚོང་ཟོག་བཙོངས་དངུལ་སྒོར་ཁྲི་756ཟིན་ཡོད། 《གྱིམ་ཤིང་ཀོང་ཇོ》ཞེས་པ་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་སྤུས་རྟགས་མིང་གཞུང་ནང་བདེ་བླག་ངང་ཚུད་དེ། བོད་ཀྱི“མཚན་མོའི་དཔལ་འབྱོར”ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།
“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོས་ཀྱང་བོད་ལ་འོང་བའི་ཡིད་དབང་བཀུག་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་སྒོར་ཁྲི་1500ཟིན་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པའི་ཡུལ་སྐོར་གཟིགས་སྐྱོང་གཱ་སྤྲད་དེ། Aརིམ་པའི་མཛེས་ལྗོངས་ཁུལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས། ཞག་སྡོད་སྤུས་རྟགས། བོད་སྨན་ལུས་གསོ་བཅས་ཀྱང“དགུན་དུས་དྲོད་འཁོལ་སྦྱིན་བྱེད”དུ་གྱུར་པ་མ་ཟད། གནམ་ལོ་གསར་ཚེས་དང་། བོད་ཀྱི་ལོ་གསར་སོགས་དུས་ཆེན་གལ་ཆེན་གྱི་བྱེད་སྒོར་ཡང་ཡུལ་སྐོར་བ་མང་པོ་ས་མཐོར་འོང་རྒྱུར་ཡིད་དབང་བཀུག་ཡོད། ཟླ་བ་བཅུ་གཉིས་པར། “རིག་གནས་བོད་ལྗོངས”ཞེས་པའི་རིག་གནས་བསམ་བཀོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་བཞི་པའང་འཚོགས་ཉེར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།