ཞིབ་དཔྱོད་འགན་ནུས་ལེགས་པར་བསྒྲུབས། ས་མཐོའི་སྐྱེ་ཁམས་ཡག་པོ་བསྲུངས།
2021ལོ་ནས་བཟུང་། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། སྤུས་ཚད་མཐོ་ཞིང་ཕན་ནུས་ལྡན་པའི་གྱོད་སྒྲུབ་གཙོ་རྐང་ལ་དམ་པོར་བཟུང་སྟེ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་གི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་ནས། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པའི་རྒྱང་ལམ་ཐོག་བཀྲག་མདངས་འཚེར་བའི“སྐྱེ་ཁམས་ཞིབ་དཔྱོད་ཀྱི་རྒྱུགས་ལན”ཞིག་ཕུལ་ཡོད།
ས་མཐོའི་སྐྱེ་ཁམས་ཀྱི“ཞིབ་དཔྱོད་ཀྱི་འགན་འཁྲི”ཁུར་བ།
རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་མཉམ་ལ་དེ་བས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། ས་གཙང་འདི་ཉིད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད།
“དུས་ཡུན་རིང་པོའི་ནང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག ས་མཐོའི་སྐྱེ་ཁམས་འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། སྐྱེ་ཁམས་ཞིབ་དཔྱོད་ལས་དོན་དེ‘དོན་ཆེན་བཞི’དང‘འཛུགས་གཏོད་བཞིར’ཞབས་འདེགས་ཞུ་བའི་སྤྱི་ཡོངས་ཀྱི་ཁྲོད་དུ་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་སྐོར་གྱི་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཞིབ་དཔྱོད་ཆེན་པོ་བཞི་མཉམ་འདྲེས་ཀྱིས་འགན་འཁྲི་སྒྲུབ་པ་དེ་གཞི་འཛིན་སར་བྱས་པ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དགོས་མཁོ་གནད་ལ་འཁེལ་པོས་འབྲེལ་མཐུད་བྱས་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིབ་དཔྱོད་ལས་ཀའི་མ་ལག་ཅིག་བཙུགས་ཡོད”ཅེས་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
2022ལོའི་ཟླ་11པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《དུས་རབས་གསར་པའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》སྔོན་ལ་བཏོན་ནས། ཁྲིམས་འཛུགས་ཐད་ནས་སྐྱེ་ཁམས་སྤྱི་ཕན་གཏུག་བཤེར་ལས་དོན་ལ་མཐུན་རྐྱེན་སྦྱར་བ་དང་། དེ་རྗེས་རྫོང(ཆུས)ཏང་ཨུད་དང་སྲིད་གཞུང་34ཡིས་སྔ་རྗེས་སུ་དེའི་རྗེས་སུ་འབྲངས་ནས་སྤྱི་ཕན་གཏུག་བཤེར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཏོན་ཏེ། རིམ་པ་སོ་སོས་འགན་འཁྲི་ནན་དུ་བཏང་བ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཞིབ་དཔྱོད་ལས་དོན་ལ་ལམ་ལུགས་ཀྱི་སྒྲོམ་གཞི་སྲ་བརྟན་ཞིག་བཙུགས་པས། གོང་འོག་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད།
རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་པུའུ་ལ་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ”དང“ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྔོན་ཐོན་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
སྐྱེ་ཁམས་སྲུང་སྐྱོང་གི“ཁྲིམས་འཛིན་སྲུང་བཅད”བརྟན་པོ་བསྐྲུན་པ།
ས་འོག་ཚ་ནུས་ཐོན་ཁུངས་ལ་ལྟ་འདོམས་བྱེད་པའི་གྱོད་གཞིས་ལྗོངས་ཡོངས་ཀྱི་ས་འོག་ཚ་ནུས་ཚན་རིག་དང་མཐུན་པའི་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ཡོད།
རྒྱལ་ལམ་G317དང་G318རྒྱུད་ཀྱི་གད་སྙིགས་ཏུན་2500ལྷག་ཙམ་གཙང་སེལ་བྱས་ཏེ“བོད་དུ་སྐྱོད་པའི་ལམ་ཐིག་མཛེས་ཤོས”ཀྱི་ཡུལ་ལྗོངས་སྔར་བས་མཛེས་སུ་བཏང་བ་དང་། གསའ་སྲུང་སྐྱོང་གི་གྱོད་གཞིའི་ནང་སྐྱེ་ཁམས་གྱོང་གུན་སྒོར་ཁྲི་50འཇལ་བའི་ཁྲིམས་ཐག་བཅད་པ་ལ་སོགས་གྲངས་གཞི་རེ་རེ་དང་གྱོད་དཔེ་རེ་རེ་ལས་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤུས་ཚད་དང་ཕན་ནུས་ལྡན་པའི་སྒོ་ནས་གྱོད་དོན་ཐག་གཅོད་བྱས་ཏེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་རྗེས་ཤུལ་གསལ་པོར་མཚོན་ཡོད། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྦགས་བཙོག་འགོག་བཅོས་དང་། ཐོན་ཁུངས་བེད་སྤྱོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བཅས་གཙོ་གནད་ཆེན་པོ་བཞིར་དམིགས་ཏེ་གནད་ལ་འཁེལ་ཞིང་ནུས་ལྡན་གྱི་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོང་གི“སྣ་འདུས་ཐབས་བཟང”ཆ་ཚང་ཞིག་སྤྱད་ཡོད།
སྦགས་བཙོག་འགོག་བཅོས་ཁྱབ་ཁོངས་སུ། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཆུ་བེད་སོགས་སྡེ་ཚན་དང་མཉམ་དུ་རྒྱལ་ལམ་རྒྱུད་དུ་འཚོ་བའི་གད་སྙིགས་སྤུངས་པ་དང་ཆུ་ལམ་དུ་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་ཚད་ལྡན་བེད་སྤྱོད་ཐད་ཞིབ་དཔྱོད་གཞི་གཅིག་ཅན་གྱི་གྱོད་དོན་ཐག་གཅོད་བྱས་པ་བརྒྱུད། ལག་ཁྱེར་མེད་པར་ས་འོག་ཚ་ནུས་སྔོག་འདོན་དང་དཔྱ་ཁྲལ་མི་འཇལ་བ་སོགས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་ཡོ་བསྲང་བྱས་ཡོད། དེའི་ཁར་འབྲེལ་ཡོད་གྱོད་གཞི་དག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་སྤྱི་ཕན་གཏུག་བཤེར་གྱོད་གཞི་རེ་རེ་སྒྲུབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྲུང་སྐྱོང་བྱེད་པའི”དཔེ་མཚོན་གྱོད་དཔེར་བདམས་ནས། ལྗོངས་ཡོངས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པར་ཁྲིམས་འཛིན་གྱི་དཔྱད་གཞི་མཁོ་འདོན་བྱས་ཡོད།
སྐྱེ་ཁམས་སྲུང་སྐྱོང་གཞི་གཅིག་ཅན་གྱི་རྣམ་པ་བཙུགས་པ།
སྟག་རྩེ་ཆུས་ཞིབ་དཔྱོད་ཁང་གིས་དམངས་དོན་ཞོར་འབྲེལ་གྱི་ཉེས་དོན་སྤྱི་ཕན་གཏུག་བཤེར་བརྒྱུད། སྐྱེ་ཁམས་ཁ་གསབ་མ་དངུལ་གྱིས་ཉ་རིགས་སྐྱེ་འཕེལ་བྱེད་སྟངས་ཐོག་ནས་གནམ་མཚོའི་ཆུའི་སྐྱེ་ཁམས་སླར་གསོ་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་ཆུ་བེད་ཅུས་དང་མཉམ་དུ་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ་རྒྱུག་ཁོངས་ལ་ཆེད་དོན་ལྟ་སྐུལ་བྱས་པ། སྨར་ཁམས་རྫོང་ཞིབ་དཔྱོད་ཁང་གིས་སི་ཁྲོན་འབའ་ཐང་རྫོང་ཞིབ་དཔྱོད་ཁང་དང་མཉམ་དུ་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་ཁུལ་གྱི་འཕྱོ་དངོས་གཙང་སེལ་ལ་སྐུལ་འདེད་བཏང་བས“དྭངས་གཙང་ཆུ་མོ་མཉམ་དུ་སྲུང་སྐྱོང”ཐུབ་ཡོད། ལག་ལེན་དེ་དག་ནི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གཞི་གཅིག་ཅན་གྱི་རྣམ་པ་འཛུགས་པའི་གསོན་ཉམས་དོད་པའི་མཆན་འགྲེལ་ཞིག་རེད།
ནང་ངོས་ཀྱི་མཉམ་སྒྲུབ་ཐད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཞིབ་དཔྱོད་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་བཙུགས་ནས《བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གྱོད་གཞིའི་གྱོད་སྒྲུབ་སྟོན་ཕྱོགས(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཏོན་ཏེ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཞིབ་དཔྱོད་ཀྱི་འགན་ནུས་བཀག་རྒྱ་བསལ་ཡོད།
གཙོ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང”གི་དྲིལ་བསྒྲགས་རབ་དང་རིམ་པ་བྱས་པ་བརྒྱུད། མི་དེ་བས་མང་བས་ས་མཐོའི་སྐྱེ་ཁམས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པ་དང་། “སྤྱི་དོན་ཕན་སེམས”དང་བླངས་པའི་ལས་སྟེགས་ལ་བརྟེན་ནས་མང་ཚོགས་རྣམས་སྐྱེ་ཁམས་ཀྱི“ལྟ་སྐུལ་པར”གྱུར་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱོད་གཞི་བརྟག་དཔྱད་དང་ཟུར་ཉན་ནང་ཞུགས་པར་གདན་དྲངས་པས་ཁྲིམས་འཛིན་གྱི་བརྒྱུད་རིམ་དེ་བས་ཁ་གསལ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།