ལྷོ་ཁ་གྲོང་ཁྱེར་གྱིས་དགུན་དུས་སུ་མིས་བཟོས་ནགས་ཚལ་མུའུ་ཁྲི་5.7ལ་བདག་སྐྱོང་ཡག་པོ་བྱེད་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས“མི་མེད་གནམ་གྲུར་བརྟེན་ནས་སྔོན་འགོག་དང་མི་ཐབས་འགོག་བཅོས”ཟུང་འབྲེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་ཐོག་མར་སྤྱད་དེ། སྟོན་དགུན་གཉིས་སུ་མི་ཐབས་ལ་བརྟེན་ནས་ནགས་ཚལ་གྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་སྤེལ་ཞིང་། སྔོན་རྩིས་བརྒྱབ་ན། ད་ཐེངས་ཀྱི་འགོག་བཅོས་རྒྱ་ཁྱོན་མུའུ་ཁྲི་5.715ཙམ་ཟིན་པ་དང་རྒྱལ་ལམ་349དང་རྒྱལ་ལམ་506ལམ་རྒྱུད་ཀྱི་ལྗོན་ཤིང་ལ་ཡལ་བཅོས་དང་རྩེད་ཐང་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་དུམ་བུའི་ལྗོན་ཤིང་ལ་དཀར་རག་བྱུག་པ་དང་ཡལ་བཅོས་གཙང་བཟོ་བྱས་པའི་རྒྱ་ཁྱོན་མུའུ་775ཟིན་ཡོད།
ལྗོངས་ཡོངས་ཀྱི་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་ལྷོ་ཁ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་འགོག་བཅོས་དེ་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་མུའུ་ཁྲི་ཡི་ནགས་ཚལ་དང་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སོགས་གཙོ་གནད་ས་ཁོངས་སུ་བྱས་ཤིང་། མི་མེད་གནམ་གྲུར་བརྟེན་ནས་སྐོར་སྐྱོད་འགོག་བཅོས་བྱས་པ་དང་འབྲེལ། རྒྱལ་ལམ་དང་གཞུང་ལམ་ཨ་མའི་ལམ་རྒྱུད་ཀྱི་ལྗོན་ཤིང་ལ་དཀར་རག་བྱུག་པ་དང་ཡལ་ག་སྐམ་པོ་བྲེག་པ་སོགས་ཀྱི་ལས་དོན་བསྒྲུབས་པར་བརྟེན། འགོག་བཅོས་ལས་དོན་གྱི་ཚན་རིག་ཅན་དང་གནད་སྨིན་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།
ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་གནོད་ཅན་སྐྱེ་དངོས་འགོག་བཅོས་ས་ཚིགས་ཀྱི་ལས་བྱེད་པ་ཚེ་ནོར་གྱིས་ད་ལོ་ནགས་ལས་ཀྱི་གནོད་ཅན་སྐྱེ་དངོས་མེད་པ་བཟོ་ཚད་5.2‰ནང་ཚོད་འཛིན་བྱ་རྒྱུ་མ་ཟད། སྤྱི་གནོད་མེད་པའི་འགོག་བཅོས་བྱེད་ཚད་85%ཟིན་པར་བྱས་ཏེ། དགུན་དུས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་འགོག་སྲུང་ནགས་ཚལ་གྱི་ལྗོན་ཤིང་ལ་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།