འཛམ་གླིང་ཡང་རྩེའི་སྐྱེ་ཁམས་མཛེས། ལྗང་མདོག་འཕེལ་རྒྱས་གོམ་སྟབས་མྱུར།
ཟླ་10ཚེས་29ཉིན་གྱི་ཕྱི་དྲོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི“འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”གི་གླེང་སྟེགས་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཚན་རིག་ཞིབ་འཇུག་ཁང་དང་། རྒྱལ་སྤྱིའི་ཕོ་ཉ་ཚོགས་པ། མཐོ་སློབ་དང་ཐོན་ལས་ལས་རིགས་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་ཏེ། བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་སྐོར་མཉམ་དུ་གླེང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་འགྱུར་གྱི་ཇུས་གཞི་མཉམ་དུ་བཀོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་མཉམ་དུ་བཏིང་བ་རེད།
ཟླ་10ཚེས་28ཉིན། ཚོགས་ཞུགས་སྐུ་མགྲོན་ཚོ་ཉིང་ཁྲི་ཀླུ་ནང་གི་ས་བབ་མཐོ་བའི་འབྲོག་ར་དང་ཤིང་ནགས་ལ་ལྟ་སྐོར་བྱེད་པར་བསྐྱོད་ཅིང་། རླངས་འཁོར་རི་གསེབ་ཏུ་སྐྱོད་སྐབས་གངས་རི་བརྗིད་ཆགས་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ནགས་ཚལ་སྟུག་པ་བཅས་ཡོད་པས། “ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་སྔོ་ལྗང”གི་སྐྱེ་ཁམས་ཀྱི་མཛེས་རིས་ཤིག་འཛམ་གླིང་སྐྱེ་བོའི་མིག་ལམ་དུ་དལ་གྱིས་བཀྲམ་པ་དང་གཉིས་སུ་མ་མཆིས།
བརྗིད་ཆགས་ཡིད་འོང་གི་རྣམ་པ་འདི་ནི་བོད་ཀྱིས་དུས་ཡུན་རིང་པོར་སྐྱེ་ཁམས་སྲུང་སྐྱོང་གང་ལེགས་བྱས་པའི་ཕན་འབྲས་དངོས་ཤིག་དང་ཡིད་དབང་འཕྲོག་ཤོས་ཀྱི་བདེན་དཔང་ཞིག་རེད། བརྗིད་ཆགས་ཡིད་འོང་གི་རྣམ་པ་འདིའི་རྒྱབ་ཀྱི་ལྗིད་ཏིག་ཏིག་གི་གྲངས་གཞི་དང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་ལས་གྲྭ་རབ་དང་རིམ་པས་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད་པ་སྟེ། མིག་སྔར། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་ནས། བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་ཡོད། བྱ་སྤྱོད་ཏན་ཏིག་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་དེ་དག་གིས“བོད་འདི་ཉིད་གོ་ལ་ཧྲིལ་པོར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་འགྱུར་རྒྱུར”རྨང་གཞི་བརྟན་པོ་བཏིང་ཡོད།
ཆེད་དོན་གླེང་སྟེགས་ཐོག ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་རྡོ་རྗེས་བསྐྱར་སྐྱེས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་ཐཱན་གཙང་སྒྱུར་གློག་རླངས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ནས་གཙོ་དོན་གཏམ་བཤད་སྤེལ་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་རོགས་རམ་བྱ་ཆེད་རེད། ཁོང་གིས“བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པས། ང་ཚོས་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ནས་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ། བསྐྱར་སྐྱེས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཧུར་ཐག་བཀོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་རམ་འདེགས་བྱེད་དགོས”ཞེས་བརྗོད།
“སྐྱེ་ཁམས་དམངས་ཕྱུག”གི་བརྗོད་དོན་གཙོ་བོའི་གླེང་མོལ་ནི་ད་ཐེངས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་ས་ཞིག་རེད། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་ཧྥང་ཅང་ཕིང་དང་། ཐུང་ཅི་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་ལི་ཞང་ཉིང་། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་མཱ་དབྱི་ལེང་སོགས་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་7གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དམངས་འཚོའི་བདེ་རྩར་ཇི་ལྟར་སྒྱུར་ཐབས་བྱེད་པའི་གྲོས་གཞི་གཙོ་བོར་དམིགས་ནས་གླེང་མོལ་གཏིང་ཟབ་བྱས་ཏེ། བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསལ་པོ་བཀོད་ཡོད།
འབྲེལ་ཡོད་གསར་འགྱུར།