དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཐང་རྒོད་སྐྱ་མོ་ནས་ཚང་ཚིང་གཡུ་ལོ་རྒྱས་པའི་བར།

    ཚེ་མཆོག་གླིང་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་ལ་གཞོལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན། ཆོས་བཟང་། ལྷག་པ་ཚེ་རིང་། བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2025-10-15

    སྔོ་ལྗང་གོས་ཀྱིས་བཀླུབས་པའི་ལྷོ་རིའི་རྣམ་པ།

    འདི་ནི་ལས་མི་ཚོས་རི་ལྡེབས་སུ་ལྕང་སོན་དབོར་བཞིན་པ།

    འདི་ནི་བགྲེས་སོང་ཚེ་རིང་རྡོ་རྗེས(གཡས་ཀྱི་དང་པོ)གསར་འགོད་པར་ཚེ་མཆོག་གླིང་གྲོང་ཚོའི་ལྕང་འཛུགས་ནགས་བཟོའི་སྐོར་གླེང་བཞིན་པ།

    ཞོགས་པའི་ཉི་གཞོན་ལྷ་སའི་ཤར་ལྷོའི་མཚམས་སུ་གནས་པའི་བུམ་པ་རིའི་རྩེ་མོར་འཕྲོ་དུས། གསར་འགོད་པ་སྐྱིད་ཆུའི་ངོགས་སུ་ཆགས་པའི་ཚེ་མཆོག་གླིང་གི་ལུང་མདོའི་སྤྱི་གླིང་དུ་འབྱོར། དེ་གར་མཁའ་རླུང་གཙང་ཞིང་སྔོ་ལྗང་ལྗོན་ཤིང་སྣ་ཚོགས་ཀྱིས་བརྒྱན་པ་དང་འདབ་ཆགས་ཀྱི་སྐད་སྙན་སྒྲོག་ལ་མེ་ཏོག་གི་དྲི་ཞིམ་གང་ས་ནས་འཐུལ་བཞིན་མཆིས།

    དེ་ཉིན་ཏག་ཏག་ས་སྐྱེས་རྡོ་སྐྱེས་ཀྱི་ཚེ་མཆོག་གླིང་པ་ཞིག་ཡིན་པའི་གྲོང་མི་ཚེ་རིང་རྡོ་རྗེ་སྤྱི་གླིང་དུ་འཆམ་འཆམ་དུ་སླེབས་འདུག་པས། གསར་འགོད་པས་ཁོང་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱིན་ཚེ་མཆོག་གླིང་གྲོང་ཚོའི་ལྕང་འཛུགས་ནགས་བཟོའི་སྐོར་སྐད་ཆ་དྲིས། དེས་ན། བགྲེས་སོང་ཁོང་གིས་རང་ཉིད་སྐྱེ་ས་དང་འཚར་ས་ཡིན་པའི་ཡུལ་དེའི་ཁོར་ཡུག་དང་བཅས་པའི་འགྱུར་ལྡོག་ལྷུག་པོར་གླེང་བྱུང་།

    ཐལ་རླུང་གིས་ལུང་པའི་ཕུ་མདའ་སྒྲིབ་པའི་ལོ་ཟླ།

    དེ་སྔོན་ཚེ་མཆོག་གླིང་གྲོང་ཚོར་ལྗོན་ཤིང་ཐ་རེ་ཐོ་རེ་ཁ་ཤས་དང་གླིང་ཁ་རེ་གཉིས་ལས་མེད་པའི་ཁར། སྐབས་དེ་དུས་གྲོང་མི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཧ་ཅང་ཞན་པས། འདི་དག་ལའང་བདག་གཅེས་དང་དོ་དམ་ཡག་པོ་བྱེད་མཁན་མེད།

    རང་སོ་སོའི་དགོས་མཁོའི་དབང་གིས་དགུན་ཁ་ལྕང་མ་བཅད་ནས་མེ་ཤིང་བྱེད་པ་དང་། དབྱར་ཁ་སྒོ་ཕྱུགས་སེམས་ཅན་ལྕང་གསེབ་ཏུ་རང་དགར་གློད་པ། ལོ་གསར་གཏོང་ལ་ཉེ་བའི་སྐབས་སུ་དར་ཤིང་གཅོད་པ། ད་དུང་ནམ་ཞག་རྒྱུན་དུ་སྡོད་ཁང་གསར་པ་རྒྱག་དགོས་ཚེ་ལྕམ་ཤིང་དེ་ནས་གཅོད་རྐྱང་བྱེད་ཀྱི་ཡོད་པས། ཁོར་ཡུག་ཇེ་ཞན་དུ་སོང་ཡོད་ཅེས་ད་ལོ་ལོ་74ལ་སླེབས་པའི་ཚེ་རིང་རྡོ་རྗེས་དེ་སྔོན་སྐྱེ་ཁམས་ཉམས་ཞན་དུ་འགྱུར་ཚུལ་ལ་ངོས་འཛིན་འདི་ལྟར་བྱས།

    དེར་བརྟེན། ལྷ་ས་གྲོང་ཁུལ་དང་ཚེ་མཆོག་གླིང་གྲོང་ཚོའི་དབར་གཙང་པོ་གཅིག་གི་བར་ཐག་ལས་མེད་རུང་། སྐབས་དེ་དུས་རླུང་བུ་ཅུང་ཆེ་ཙམ་འཚུབ་ཚེ། གྲོང་ཚོ་ཡོངས་ཐལ་རྡུལ་གྱིས་བསྒྲིབས་ཏེ། ལྷ་ས་གྲོང་ཁུལ་ནས་ཕར་བལྟས་ན་ཚེ་མཆོག་གླིང་མཐོང་གི་མེད།

    “དེ་སྔོན་དབྱར་ཁར་ཕུ་ཡི་རྡོ་ཧྲུག་ཆུས་ཁྱེར་ནས་ལུང་མདོར་གྲམ་པས་ཁེངས་པར་བརྟེན། ད་ལྟ་གྲོང་ཚོའི་གཤམ་དུ་ཆགས་པའི་དམག་སྒར་འདིར་ང་ཚོས་སྔོན་མ་རྡོ་ཧྲོག་དམག་སྒར་ཡང་ཟེར་གྱི་ཡོད། ད་ལྟ་ང་ཚོ་འཆམ་འཆམ་དུ་འགྲོ་སའི་ས་ཆ་འདི་ལ་ཆ་བཞག་ན། སྔོན་མ་གཙང་པོ་རྒྱུག་ཁུལ་རེད། བྱས་ཙང་། གང་སར་ཛ་རེ་ཛོ་རེ་དང་འབར་རེ་འབུར་རེ་རེད”ཅེས་བགྲེས་སོང་ཚེ་རིང་རྡོ་རྗེས་ས་ཕྱོགས་ཁག་ལ་མཛུབ་མོ་འཛུགས་ཀྱིན་ངོ་སྤྲོད་བྱས།

    གསར་འགོད་པས་བགྲེས་སོང་ཚེ་རིང་རྡོ་རྗེས་བསྟན་པའི་ཕྱོགས་སུ་ལྟ་སྐབས། སྔོ་ལྗང་ལྗོན་ཤིང་གིས་ཡོངས་སུ་བཀླུབས་པའི་ལྷོ་རིའི་རི་རྒྱུད་འདྲེན་བྱེད་ཡུལ་དུ་སྔོ་ཐིང་ངེར་འཆར་ཞིང་། སྔོན་མ་འདི་ཁུལ་ནི་སྐྱ་ཐེར་ཐེར་གྱི་ཐང་རྒོད་ཡིན་པས་སྔོ་ལྗང་གི་རྩྭ་རྩི་ཤིང་མཐོང་རྒྱུ་མེད་ཅེས་རྒྱུས་མེད་མི་ལ་བརྗོད་ན་ངོ་མ་ཡིད་ཆེས་དཀའ་བ་ཞིག་འདུག་སྙམ་བྱུང་།

    ལྟ་བ་གསར་རྙིང་གི་འགྱུར་ལྡོག་ཁྲོད་ནས་སྔོ་ལྗང་གི་མྱུ་གུ་འབུས་འགོ་ཚུགས།

    1981ལོར་རྒྱལ་ཡོངས་སུ་འོས་འགན་ལྕང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་བསྟུན་ནས། ཚེ་མཆོག་གླིང་གྲོང་ཚོས་ཀྱང་མང་ཚོགས་སྐུལ་སློང་གིས་དུད་ཚང་རེ་ཚན་པར་བྱས་ནས་གྲོང་ཚོའི་ས་ཁོངས་སུ་འོས་འགན་ལྕང་འཛུགས་ཀྱི་ལས་འགན་སྤྲད།

    དང་ཐོག་གྲོང་མི་མང་ཆེ་བས་ཁོར་ཡུག་བཟང་ངན་དེ་རང་ཉིད་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་མེད་པར་བསམས་ནས་འོས་འགན་ལྕང་འཛུགས་ལ་སྣང་བ་དེ་ཙམ་གཏོང་གི་མེད་པས། ད་ལོ་བཙུགས་པའི་ལྕང་མ་དུས་སང་དགུན་ཁའི་མེ་ཤིང་དུ་གྱུར་པ་མ་ཟད། ཐ་ན་ཕྱུགས་ཟོག་གིས་ཟ་བའི་གནས་ཚུལ་ཡང་ཡང་སེ་ཐོན་གྱི་ཡོད།

    སྣང་ཚུལ་འདི་རིགས་ལ་འགྱུར་བ་གཏོང་ཆེད། ཚེ་མཆོག་གླིང་གྲོང་ཚོས་གཅིག་ནས་ལྕང་མར་སྐྱོར་བསྐོར་བ་དང་། གཉིས་ནས་ལྕང་སྲུང་བ་གླ་བ། གསུམ་ནས་གྲོང་ཚོའི་རྒྱང་བསྒྲགས་ནས་འོས་འགན་ལྕང་འཛུགས་བྱས་ན་སྐྱེ་ཁམས་ཁོར་ཡུག་ལེགས་སུ་འགྲོ་ལ། ས་རྒྱུ་མི་ཤོར་བ་དང་གནམ་གཤིས་ངན་པར་འགྱུར་ལྡོག་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་མི་ཉུང་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། སྣང་ཚུལ་འདི་རིགས་རིམ་བཞིན་ཇེ་ཉུང་དུ་ཕྱིན་པ་དང་སྦྲགས། ལྕང་མ་གསོན་ཚད་ཀྱང་སྔོན་མ་དང་བསྡུར་ན་ཆེས་ཆེར་འཕར་ཡོད་པ་རེད།

    གང་སར་ཚང་ཚིང་གཡུ་ལོ་རྒྱས་ནས་གཡུ་ཡི་གཞོང་པར་གྱུར་བ།

    དེང་གི་ཆར། ཚེ་མཆོག་གླིང་གྲོང་ཚོའི་ཁོངས་སུ་གང་སར་གཡུ་ལོ་རྒྱས་པའི་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཡོད་པ་མ་ཟད། མི་དམངས་སྤྱི་གླིང་ཆེ་ཆུང་མི་འདྲ་བ་ཁག་ལྔ་ཙམ་ཡོད་ཅིང་། སྤྱི་གླིང་དེ་དག་ནང་ལྕང་མ་སྣ་ཚོགས་བཏབ་ཡོད་ལ། ལམ་བུ་འཇམ་ལ་ཁོད་སྙོམས་པ་དང་ཁྲ་ཆིལ་ཆིལ་གྱི་གློག་སྒྲོན་ཡོད་པས་གྲོང་མི་རྣམས་སྔ་དགོང་གཉིས་སུ་ལུས་སྦྱོང་བྱེད་པ་དང་། དུས་རྒྱུན་དུ་ལུས་སེམས་གཉིས་ཀ་ངལ་གསོ་བའི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལྕང་འཛུགས་ནགས་བཟོའི་ལས་གྲྭ་ལུ་གུ་རྒྱུད་སྦྲེལ་ལྟར་སྤེལ་བས། མི་རྣམས་ཀྱི་འཚོ་བའི་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་མ་ཟད། ད་དུང་ང་ཚོའི་གྲོང་ཚོའི་གྲོང་མི་34ལ་ལྕང་སྲུང་གི་ལས་ཀ་རག་ནས་ལོ་ལྟར་ཡོང་འབབ་བརྟན་པོ་ལེན་རྒྱུ་ཡོད་པས། ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཞོར་ཁྱིམ་ཚང་གི་ཡོང་སྒོ་ཡང་གནས་དེ་རང་ནས་ཐག་གཅོད་ཐུབ་སོང་ཞེས་ཚེ་རིང་རྡོ་རྗེས་དགའ་ཚོར་ངང་བརྗོད།

    ལྷག་དོན་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་རྗེས། གྲོང་ཚོའི་ཁོ་ར་ཁོར་ཡུག་ཀུན་ཏུ་སྔོ་ལྗང་ལྗོན་ཤིང་སྔར་བས་མང་དུ་ཕྱིན་པ་དང་། ལྕང་སྲུང་བ་རི་སྐོར་དུ་འགྲོ་བའི་ལམ་བར་དུ་རྒྱུན་དུ་མཐོང་བའི་སྲོག་ཆགས་ཕུད། ད་དུང་ཝ་མོ་དང་། ཤྭ་བ། སྤྲེའུ་སོགས་ཀྱང་སྐབས་འགར་མཐོང་རྒྱུ་ཡོད་པས། དེ་ནི་ཁོར་ཡུག་ཇེ་ལེགས་སུ་སོང་བའི་སྣང་ཚུལ་ཞིག་ཡིན།

    2021ལོར། བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་སྐྱོང་ལས་གྲྭ་ཡིན་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན། ལོ་10ཡི་ནང་ཤིང་ནགས་མུའུ་ཁྲི་206.72འདེབས་གསོ་བྱ་རྒྱུ་རེད། དེར་བརྟེན། ཚེ་མཆོག་གླིང་ཙམ་མ་ཟད། གནའ་གྲོང་ལྷ་ས་དེ་བས་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།