ལྗང་མདོག་འགྲོ་སྐྱོད་དེ་བས་སྟབས་བདེ་བ།
བོད་ལྗོངས་ལྷ་སས་ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་མ་ལག་རྒྱུན་མཐུད་གསར་གཏོད་བྱས་པ།
འདི་ནི་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་རླངས་འཁོར་འཇོག་རར་གྲལ་སྟར་འགྲིག་པོར་བཞག་པ། (པར་རིས་འདི་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མཁོ་འདོན་བྱས)
འདི་ནི་ཚེས་11ཉིན་ལས་གཉེར་བྱེད་འགོ་ཚུགས་པའི་གློག་བརྗེའི་ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་ཁག་དང་པོའི་རིགས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཀྲོའུ་ཕུང་གིས་པར་བརྒྱབ།
2019ལོ་ནས་བཟུང་། ལྷ་སས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྔོན་དུ་འཕེལ་རྒྱས་བཏང་ནས་སྤྱི་པའི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ནུས་རྒྱུ་གསར་པ་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། “མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་43ཡོད་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་975.6ཟིན་པ། སྐྱེལ་འདྲེན་རླངས་འཁོར་559ཟིན་ནས་སྤྱི་སྤྱོད་རླངས་འཁོར་ནུས་རྒྱུ་གསར་པ་ཅན་ལ་འགྱུར་ཚད་100%ཟིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་ཅུས་ཀྲང་པ་ནོར་གྱིས་བཤད།
“ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གཏོང་བདེ་ལ་བསྡད་ན་སྐྱིད་པོ་འདུག དེ་བས་གལ་ཆེ་བ་ཞིག་ལ་དེས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་ཀྱི་ཡོད”ཅེས་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བཀྲ་ཤིས་ནོར་བུས་མྱོང་ཚོར་ཟབ་མོས་བཤད། རླངས་འཁོར་བཏང་ནས་ལོ་14ཙམ་སོང་རིང་ཁོང་གིས་ཁྲའེ་ཡིའུ་རླངས་འཁོར་ནས་ནུས་རྒྱུ་གསར་པའི་རླངས་འཁོར་བར་དང་། མིས་སྤ་སེ་འཚོང་བ་ནས་སྒུལ་བདེའི་གཏོང་སྤྲོད་བར་གྱི་འགྱུར་ལྡོག་བརྒྱུད་མྱོང་ཡོད།
སྤྱི་སྤྱོད་རླངས་འཁོར་གྱི་མ་ལམ་གྱི་དྲ་རྒྱ་ལྗང་མདོག་ཅན་དུ་གྱུར་པ་དང་བསྟུན་ནས་ལྷ་སས་དམིགས་ཚད་གྲོང་ཁྱེར་འགྲིམ་འགྲུལ་གྱི་ཡན་ལག་ལམ་ཐིག་ལ་ཕྱོགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སས་2024ལོའི་ཟླ་4ཚེས་30ཉིན་ནས་བཟུང་། འཁོར་རྒྱུག་ཆུང་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཐོག་མ་ཤར་གཏོང་བྱས་པ་རེད། མིག་སྔའི་བར་འཁོར་རྒྱུག་ལམ་ཐིག་5གཉེར་སྐྱོང་ཟིན་པ་དང་། སྤྱི་སྤྱོད་རླངས་འཁོར་30བཀོད་སྒྲིག་བྱས་ཡོད་པ་རེད།
“འཁོར་རྒྱུག་ཆུང་བའི་ལམ་ཐིག་དེ་གྲོང་ཁྱེར་གྱི་ཁྲོམ་གཞུང་གུ་དོག་པོ་དང་གྲོང་མིའི་ཁུལ་ཆུང་དུ་ནུས་ལྡན་ཁྱབ་ཡོད་པས། གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་འགག་པའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད་ལ། ད་དུང་མང་ཚོགས་ཀྱི‘མཐའ་མའི་འགག་གནད’ཀྱི་འགྲོ་སྐྱོད་དཀའ་གནད་ཀྱང་ཐག་གཅོད་ནུས་ལྡན་ཐུབ་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ལམ་ཐིག་དང་དྲ་བའི་ལྟེ་གནས་ཀྱི་ལས་དོན་པ་སྤེན་པ་ཚེ་རིང་གིས་བཤད།
འདི་ལོའི་ཟླ་7ཚེས་11ཉིན། ལྷ་ས་གྲོང་ཁྱེར་གྱི་གློག་སྒྱུར་ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་ཐོག་མ་དངོས་སུ་རྩིས་སྤྲད་ཡོད། ད་རེས་གཉེར་སྐྱོང་བྱེད་བཞིན་པའི་ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་དེ་དག་ལ་གློག་སྒྱུར་ལག་རྩལ་སྤྱད་ཡོད་པ་དང་། གློག་བརྗེ་སྒྱུར་ཐེངས་གཅིག་བྱེད་པར་སྐར་མ་3ལས་འགོར་གྱི་མེད། བསྒར་བའི་གློག་རྫས་སྒྲིག་ཆས་ཀྱིས་བསྟུད་མར་སྐྱོད་ཐུབ་ཚད་སྤྱི་ལེ་500ལྷག་ཙམ་ཟིན་པ་དང་། ནུས་གསབ་རྣམ་པ་མང་པོ་བྱེད་ཐུབ་སྟེ་ཁོར་ཡུག་མི་འདྲ་བའི་ནུས་རྒྱུ་གསབ་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།
“ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་བཏང་བ་ནས་བཟུང་འགྲོ་སོང་ཡང་ཆུང་དུ་ཕྱིན་སོང”ཞེས་ཁ་ལོ་བ་བཀྲ་ཤིས་ཀྱིས་བཤད་པ་དང་། ཀུང་སིས་ད་དུང་རྒྱུན་སྤྱོད་གློག་གསོག་ས་མཐུན་སྦྱོར་བྱས་ཡོད་པས་སྟབས་བདེ་ལ་གོང་ཁེ་པོ་འདུག་ཅེས་ཁོང་གིས་བཤད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་བོགས་གཏོང་རླངས་འཁོར(སྐོར་སྐྱོད་བོགས་གཏོང་རླངས་འཁོར་དང་དྲ་འབོད་གླ་འཁོར)བསྡོམས་7410ཟིན་པ་དང་། དེའི་ནང་ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་5720ཡོད།
མི་རྣམས་ཀྱི་སྣ་མང་ཅན་གྱི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་ཕུད། ད་དུང་མཉམ་སྤྱོད་གློག་སྒུལ་རླངས་འཁོར་མང་དུ་བཏང་སྟེ་ལམ་ཐུང་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་མ་ལག་རྒྱུན་མཐུད་གཏོད་པ་དང་བསྟུན་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་། བོགས་གཏོང་རླངས་འཁོར། གློག་སྒུལ་རླངས་འཁོར་བཅས་ལྷ་སའི་ཁྲོམ་གཞུང་ཆེ་ཆུང་གང་སར་སྐྱོད་བཞིན་ཡོད། མི་རྣམས་ཀྱིས་རྒྱུན་གཏན་ཕྱིར་སྐྱོད་སྐབས་ལྗང་མདོག་འགྲོ་སྐྱོད་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཆང་བཞིན་ས་མཐོའི་སྐྱེ་ཁམས་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།