མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དམངས་ཡོངས་ཀྱི་འོས་འགན་ལྕང་འཛུགས་དང་། བྱང་རི་སྔོ་འགྱུར། སྐྱེ་ཁམས་སླར་གསོ། བྱེ་ས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་རྒྱུན་མཐུད་བཏང་ནས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་རྒྱུན་ཆད་མེད་པར་བཏང་ཡོད། མིག་སྔའི་བར། ས་ཁུལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་344.19བཏབ་པ་དང་། རྩྭ་སོན་སྤྱི་རྒྱ་ཁྲི་1.11བཏབ་པ། སྡོང་ཕྲུག་སྤྱི་ཡོངས་ནས་གསོན་ཚད་85%ཡན་བརྟན་པོ་བྱུང་ཡོད། དེ་དང་ཆབས་ཅིག “ནགས་ལས་འཕྲོད་སར་ནགས་ལས་དང་རྩྭ་འདེབས་འཕྲོད་སར་རྩྭ་འདེབས”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་དང་། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་9.12ལྷག་ཙམ་ལེགས་སྒྲུབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཉམ་དུ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བས། དམངས་ཡོངས་ཀྱི་སྔོ་འགྱུར་འདུ་ཤེས་ཟབ་ཏུ་མངོན་གསལ་དོད་པོ་ཕྱིན་ཡོད།
“ནགས་ཚལ་དཀོན་པ་དང་སྔོ་ཁེབས་ཉུང་བའི”ཞན་ཆ་སེལ་ཆེད། 2024ལོར། མངའ་རིས་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་སྣེ་འདྲེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྔོ་འགྱུར་ལས་དོན་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་ནགས་རྩྭ་སྲུང་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད། ཡུལ་བབ་དང་བསྟུན་ནས《མངའ་རིས་ས་ཁུལ་སེང་གེ་ཁ་འབབ་བར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་འཆར་འགོད》དང《མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2025ལོ་ནས་2027ལོའི་བར)》བཟོས་ཏེ། ཟུར་ཕྱོགས་མང་པོ་ནས་སྐྱེ་ཁམས་སྔོ་འགྱུར་མ་ལག་འཛུགས་པའི་དུས་མཚམས་རང་བཞིན་གྱི་ཐབས་ལམ་ཁ་གསལ་བཟོས་ཡོད། “འཆར་འགོད་གཞིར་བཟུང་། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས། ས་ཁུལ་ཡོངས་སུ་ནགས་བཟོ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་10.34ཆེ་རུ་གཏོང་བ་དང་། ལྗོན་ཤིང་གསོན་ཚད་85%ཡན་རྒྱུན་འཁྱོངས་བྱེད་པ། སྡོང་ཕྲུག་ར་བའི་རྟེན་གཞི་ཁག་2ནས་ཁག་4བར་དང་སྐྱེ་ཁམས་སྤྱི་གླིང་ཁག་2བསྐྲུན་པ། རྒྱལ་ཁབ་ཀྱི་གཙོ་གནད་བྱེ་ས་བཀག་སྡོམ་སྲུང་སྐྱོང་ཁུལ་ཁག་3ཉམས་གསོ་བྱེད་པ། རྩྭ་ཐང་མུའུ་ཁྲི་60ཡི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བཅས་བྱས་ནས། ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྣམ་གྲངས་དང་མ་དངུལ་གྱི་འདེགས་སྐྱོར་བྱེད་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
“བྱེ་རླུང་འཚུབ་ཆེ་བའི”དེ་སྔའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་སྟེ། ད་ཆའི་མངའ་རིས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་དང་། རླུང་ཆེན་གྱི་གནམ་གཤིས་ཉིན་གྲངས་ཇེ་ཉུང་དུ་ཕྱིན་ཡོད། 1994ལོ་དང་བསྡུར་ན། སེང་གེ་ཁ་འབབ་གྲོང་རྡལ་དུ་ལོ་རེར་ལྷགས་པ་ཆེན་པོ་ལྡང་བའི་ཉིན་གྲངས་ཉུང་དུ་མངོན་གསལ་དོད་པོ་ཕྱིན་པ་དང་། སད་མེད་ནམ་དུས་ཉིན་83ནས་ཉིན་322བར་རིང་དུ་ཕྱིན་པ། ལོ་རེའི་ཆར་པ་འབབ་ཚད་ཧའོ་སྨི་76.5ནས་ཧའོ་སྨི་82.4བར་མང་དུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་དང་གསོ་འཁྱོངས་ནུས་པ་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།