དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དིང་རི་རྫོང་དུ་གངས་བབས་ནས་ཤུགས་རྐྱེན་ཐེབས་པའི་ཡུལ་སྐོར་བ་ཚང་མ་བཀོད་སྒྲིག་འོས་འཚམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་8ཉིན་གྱི་ཆུ་ཚོད་19བར། མཐའ་མཇུག་གི་རྐང་ཐང་ཡུལ་སྐོར་བ་15རོགས་སྐྱོབ་མི་སྣའི་སྲུང་སྐྱེལ་འོག་བདེ་འཇགས་ངང་དིང་རི་རྫོང་ཆུ་སྟེང་གྲོང་རྡལ་དུ་འབྱོར་བ་ལས། ས་གནས་དེ་གར་གངས་ཆེན་པོ་བབས་པའི་རྐྱེན་གྱིས་ཉེན་ཁར་གྱར་བའི་རྐང་ཐང་ཡུལ་སྐོར་བ་ཚང་མ་བཀོད་སྒྲིག་འོས་འཚམ་བྱུང་བ་མཚོན་གྱི་ཡོད།

    ཟླ་10ཚེས་4ཉིན་གྱི་དགོང་མོར། དིང་རི་རྫོང་མངའ་ཁོངས་ཀྱི་མཛེས་ལྗོངས་ཁུལ་དུ་གངས་ཆེན་པོ་བབས་པས་ཀརྨ་རོང་ས་ཁོངས་ཀྱི་རྐང་ཐང་ཡུལ་སྐོར་བ་ཁག་གཅིག་གི་འགྲོ་ལམ་འགག་པ་དང་། ཉེན་ཁ་ཐོན་རྗེས། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ། མཚན་མོ་དེ་རང་དུ་སྤྱི་བདེ་དང་། མེ་ཟོན། སྨན་བཅོས་བཅས་དང་། དེ་བཞིན་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཕྱོགས་ཡོངས་ནས་རོགས་སྐྱོབ་ལས་དོན་སྤེལ་བ་རེད།

    ཉིན་ཤས་བསྟུད་མར་ཛ་དྲག་དང་གོ་རིམ་ལྡན་པའི་རོགས་སྐྱོབ་བྱས་པ་བརྒྱུད། ཟླ་10ཚེས་5ཉིན་གྱི་ཆུ་ཚོད་23པར་ཁག་དང་པོའི་རྐང་ཐང་ཡུལ་སྐོར་བ་350ཆུ་སྟེང་གྲོང་རྡལ་དུ་བདེ་འཇགས་ངང་འབྱོར་བ་དང་། ཚེས་6ཉིན་གྱི་ཆུ་ཚོད་11དང་སྐར་མ་30བར་སྣེ་ལེན་ཞུ་སར་འབྱོར་བའི་ཡུལ་སྐོར་བ་ཚང་མ་བཀོད་སྒྲིག་འོས་འཚམ་བྱུང་བ་དང་། མི་སྣའི་གཟུགས་གཞིའང་བདེ་ཐང་ཡིན་པ་རེད། ཚེས་7ཉིན་གྱི་ཆུ་ཚོད་22ཙམ་དུ། ཉེན་ཁར་གྱར་བའི་ཡུལ་སྐོར་བ་580དང་ས་གནས་དེ་གའི་སྣེ་ཤན་པ་དང་གཡག་པ་སོགས་རྐང་ཐང་ཞབས་ཞུའི་མི་སྣ་300ལྷག་ཙམ་བདེ་འཇགས་ངང་དིང་རི་རྫོང་ཆུ་སྟེང་གྲོང་རྡལ་དང་། དེ་བཞིན་མཐའ་འཁོར་ས་ཁོངས་སུ་འབྱོར་བ་དང་། ལས་དོན་མི་སྣས་འཕྲལ་མར་ཡུལ་སྐོར་བ་ཕྱིར་ལོག་གི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་རེད།

    ད་ཐེངས་རོགས་སྐྱོབ་བྱེད་རིང་། རིམ་རྩིས་བརྒྱབ་ན་ས་གནས་དེ་གས་རོགས་སྐྱོབ་པ་900ལྷག་ཙམ་མངགས་པ་དང་། འགྲུལ་འཁོར་ཆེ་གྲས་སོགས་རླངས་འཁོར་140ལྷག་ཙམ་དང་། རྟ་དང་འབྲི་གཡག་མགོ་གྲངས་200ལྷག་ཙམ་བཀོད་སྒྲིག་བྱས་པ་མ་ཟད། བཟའ་བཅའ་དང་སྨན་རྫས་དང་། དྲོད་ལེན་དང་གསོ་རླུང་སྒྲིག་ཆས། གྲང་འགོག་གྱོན་ཆས་སོགས་རོགས་སྐྱོབ་དངོས་རྫས་4000ལྷག་ཙམ་སྐྱེལ་འདྲེན་བྱས་ཏེ་མི་སྣ་འཚོལ་སྐྱོབ་དང་། དངོས་རྫས་སྐྱེལ་འདྲེན། ཞབས་ཞུ་འགན་ལེན་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།