རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཚན་བཅུ་དྲུག་དང་མཉམ་དུ་ཇུས་གཞི་བཟོས་པ།
འདབ་ཆགས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་སོགས་སྡེ་ཚན་བཅུ་དྲུག་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་འདབ་ཆགས་སྲུང་སྐྱོང་བྱེད་སྒོ་དང་ཁྲིམས་འགལ་ངང་འདབ་ཆགས་རྔོན་འཚོང་བྱས་རིགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་མཉམ་འབྲེལ་ལས་ཀའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ནས་འདབ་ཆགས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ལུགས་བསྟན་ཡོད།
《ཇུས་གཞིའི》ནང་། རིམ་ཁག་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་འདོམས་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ། ཕྱོགས་གསུམ་གྱི་གཙོ་གནད་ལས་འགན་ཁག་13ལ་དམ་འཛིན་ཏན་ཏིག་བྱས་ནས་འདབ་ཆགས་སྲུང་སྐྱོང་གི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། གཞན་ཡང་། མི་དམངས་ཞིབ་དཔྱོད་ཁང་གིས་ལས་བགོས་གཞིར་བཟུང་། “རྩད་གཅོད་མཐའ་གསལ་དང་གྱོད་གཞི་མྱུར་སྒྲུབ”ཀྱི་བྱ་སྤྱོད་ཁྲིམས་ལྟར་སྤེལ་ནས་དཔེ་མཚོན་གྱོད་གཞི་མགྱོགས་མྱུར་རྩད་གཅོད་དང་། ཚོགས་པའི་ཉེས་གསོག་སོགས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རྔོན་འཚོང་བྱས་རིགས་གྱོད་གཞིར་གཙོ་གནད་དུ་དམིགས་ནས“ལྷུ་ཚིགས་མང་པོ་དང་འཁོར་འབྲེལ་ཧྲིལ་པོའི”ཐོག་ནས་ཁྲིམས་ལྟར་ཞིབ་བཤེར་མགྱོགས་པོ་དང་། རྩད་གཅོད་མགྱོགས་པོ། ཐག་གཅོད་མགྱོགས་པོ་བཅས་མཐའ་འཁྱོངས་བྱས་ཏེ། ཁྲིམས་འགལ་ཉེས་གསོག་ཚོགས་པ་ཁག་གཅིག་མཐའ་གཅིག་ཏུ་རྩ་མེད་བཟོ་བ་དང་། དཔེ་མཚོན་གྱོད་གཞི་ཁག་གཅིག་གཅིག་སྡུད་ཐོག་དམར་རྗེན་དུ་བཏོན་ནས་ཁྲིམས་འགལ་ཉེས་གསོག་རིགས་ཟིལ་གྱིས་གནོན་དགོས་པའི་གཏན་འབེབས་བྱས་ཡོད།
《ཇུས་གཞིའི》ནང་། འབྲེལ་ཡོད་སྡེ་ཚན་ཁག་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རི་སྐྱེས་སྲོག་ཆཌ་མཉམ་འབྲེལ་ཁྲིམས་སྒྱུར་སོགས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆ་འཕྲིན་སྤེལ་རེས་དང་གྱོད་དོན་བརྒྱུད་སྐྱེལ་ཤར་གཏོང་ཡོང་བར་བྱས་ཏེ། འདབ་ཆགས་སྲུང་སྐྱོང་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད། གཞན་ཡང་རིམ་ཁག་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་སྒྱུར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ལྷུ་ཚིགས་ཁག་དང་འཁོར་འབྲེལ་ཧྲིལ་པོའི་ལས་བགོས་གོ་རིམ་ལྡན་པ་དང་། ལྟ་འདོམས་གནད་ལ་འཁེལ་བ། ཆད་གཅོད་ནུས་པ་ལྡན་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་འདེད་འཇལ་དང་ཞར་བྱུང་གི་དམངས་དོན་སྤྱི་ཕན་གཏུག་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད་དཔལ་འབྱོར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་སྐྱིན་ཚབ་སོགས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་འདབ་ཆགས་དང་འབྲེལ་བའི་ཁྲིམས་འགལ་གྱི་མ་གནས་དམའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།