སྐྱེ་ཁམས་བཟང་པོ་ཕ་ཡུལ་གྱི་རྒྱན་ཆ། ལྗང་མདོག་ཐོན་ལས་བདེ་སྐྱིད་ཀྱི་འབྱུང་རྩ།
གྲ་ནང་རྫོང་གིས“བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བ། ཐོན་འཕར་འབབ་འཕར”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་སྐྱོད་པའི་སྐོར།
འདི་ནི་གྲ་ནང་རྫོང་གི་རྒྱལ་ཁབ་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་ཁེ་ལས་ཏེ“བྱེ་ཐང་གི་སྤང་ལྗོངས”ཤིག་དང་འདྲ་བའི་བོད་ལྗོངས་ལུས་ཀྲི་ཡོན་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དུས་ཁག་གཉིས་པའི་རྣམ་གྲངས་ཡིན་པ།
འདི་ནི་སྒོ་རྩར་ལས་ཞུགས་ཐུབ་པའི་མང་ཚོགས་ཀྱིས་ཐོན་ལས་རྟེན་གཞིའི་ཞིང་ནང་དུ་རྩྭ་ངན་འཐུ་བཞིན་པ།
ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་གྲ་ནང་རྫོང་འདི་ཉིད་དབུལ་པོ་དབུལ་ནག་ནས་ལས་རིགས་ཀུན་དར་གྱི་ཕྱོགས་སུ་བསྐྱོད་དེ་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ་དང་། དེ་སྔ་ཉམས་ཞན་དུ་སོང་བའི་སྐྱེ་ཁམས་ཁོར་ཡུག་ལ་གསོན་ཤུགས་རྒྱས་ཤིང་། དེ་སྔ“རི་ལ་བརྟེན་ནས་འཚོ་བ་སྐྱེལ་བ”ད་ཆ་ལྗང་མདོག་འཕེལ་རྒྱས་སུ་གྱུར་ཡོད་པ་རེད།
མྱ་ངམ་ཐང་ལ་བློ་གྲོས་ཀྱི་འབྲས་བུ་བཏཌ་པ།
གྲ་ནང་རྫོང་རྔ་སྒྲ་ཤང་གི་བོད་ཀྱི་མྱ་ངམ་ཐང་གི་ཞིང་རའི“རྩི་ཤིང་བཟོ་གྲྭར”སྐྱོད་སྐབས། ཚ་གྲང་སྙོམས་པའི་ཁོར་ཡུག་ཁྲོད་སྔོ་ལྗང་གི་ལྗང་པ་འཚར་སྐྱེས་ཡག་པོ་བྱུང་ཡོད་ཅིང་། དེ་གར་སྔོན་ཆད་མྱ་ངམ་ཐང་ཡིན་པ་བསམ་བློར་འཁོར་མི་སྲིད། རྔ་སྒྲ་ཤང་ལ་འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཐན་སྐྱོན་དང་ས་རྒྱུ་ཞན་པའི་རྐྱེན་གྱིས་ས་ཆ་དུས་ཡུན་རིང་པོར་བེད་མེད་དུ་ལུས། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་ནང་འདྲེན་བྱས་ནས་མྱ་ངམ་ཐང་དེར་དེང་རབས་ཞིང་ལས་འཕེལ་རྒྱས་བཏང་བ་རེད།
“ང་ཚོས་ཟོག་འབྲེལ་དྲ་རྒྱ་དང་སྐྱེ་དངོས་ལག་རྩལ་སོགས་དེང་རབས་ཀྱི་ཚན་རྩལ་གཅིག་སྡུད་བྱས་ཏེ‘རྩི་ཤིང་བཟོ་གྲྭ’བསྐྲུན་པས། ས་རྒྱུ་དང་གནམ་གཤིས་ལ་མ་བརྟེན་པའི་ཆ་རྐྱེན་འོག་ཐོན་འབབ་མཐོ་བ་དང་། སྤུས་ཀ་ལེགས་པ། བདེ་འཇགས་ལྡན་པ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་ཐུབ་ཡོད” ཁེ་ལས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། བཟོ་གྲྭ་དེའི་རྒྱ་ཁྱོན་ལ་མུའུ་170ཟིན་པ་དང་ཁེ་བེད་བདག་ཐོབ་ཁག་54དང་རྩིས་འཁོར་མཉེན་ཆས་ཀྱི་རྩོམ་དབང་ཐོབ་པ་མ་ཟད། སློབ་གླིང་དང་སློབ་གྲྭ་མང་པོ་དང་མཉམ་ལས་བྱས་ནས་ལག་རྩལ་གཞན་སྒྱུར་ལ་སྐུལ་འདེད་ཀྱང་བཏང་ཡོད།
ཁེ་ལས་ཀྱིས་ཤིང་ཏོག་སེའུ་སྒོང་ཐོན་རྫས་གཙོ་བོར་བརྩིས་ཏེ་ལོར་སྤུས་ལེགས་ཤིང་ཏོག་སེའུ་སྒོང་ཏུན་2000ཐོན་སྐྱེད་བྱས་ནས་ལྷ་ས་དང་ཀོང་ཀྲོའུ་དང་ཐ་ན་ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་འཚོང་གི་ཡོད།
བྱེ་ལུང་གསེར་དངུལ་ཐང་དུ་གྱུར་པ།
གྲ་ནང་རྫོང་གི་ལུས་ཀྲི་ཡོན་དེང་རབས་ཞིང་ལས་རྟེན་གཞི་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས། རྟེན་གཞི་དེས་བྱེ་འགྱུར་ས་ཆ་ལེགས་བཅོས་དང་དེང་རབས་སྒྲིག་བཀོད་ཞིང་ལས་ཐད་གཞོལ་ནས་བྱེ་འགྱུར་ས་ཆ་མུའུ་1200ལྷག་ཙམ་བཅོས་སྐྱོང་བྱས་པ་དང་། བློ་རིག་ཤེལ་ལེབ་དྲོད་ཁང་དང་སྟར་སྦྲེལ་དྲོད་ཁང་ཆེ་མོ་18 སྔོག་འཐུའི་དྲོད་ཁང་20 ལེ་ལག་ཚང་བའི་གྲང་ཕྲེང་ཟོག་འགྲེམས་དབྱེ་གསེས་ཕྱོགས་བསྡུས་སྒྲིག་གཞི་དང་རྨང་གཞིའི་སྒྲིག་བཀོད་བཅས་བསྐྲུན་པས། དེང་རབས་ཞིང་ལས་ཀྱི་མཁྲེགས་ཆས་མ་ལག་གི་གཞི་ཁྱོན་རགས་ཙམ་གྲུབ་ཡོད།
ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གིས་ཐོན་ཁུངས་ཀྱི་རང་སྤུས་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཚོང་འགུགས་མ་འདྲེན་དང་། སྲིད་ཇུས་ཀྱི་རོགས་སྐྱོར། ཐང་རྒོད་གསར་སྦོལ་བཅས་བྱས་པ་བརྒྱུད། དབྱི་ལི་ཐོན་ཁུངས་དང་། མོང་ཚའོ་ཚོགས་པ། ཅང་ཡ་སྐྱེ་དངོས་སོགས་ལྗང་མདོག་ཁེ་ལས་ཁག་གཅིག་ནང་འདྲེན་གྱིས་སྐྱེ་ཁམས་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་འགྱུར་བྱུང་སྟེ། “བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བ། ཐོན་འཕར་འབབ་འཕར”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཐུབ་ཡོད།
སྒོ་རྩར་ལས་ཞུགས་བརྟན་པོ་ཐུབ་པ།
ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གིས་དམངས་འཚོར་དམ་པོར་དམིགས་ནས་ལས་ཞུགས་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་དང་། རྟེན་གཞི་འཛུགས་སྐྲུན། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐད་འབད་བརྩོན་གང་ལེགས་བྱས་ནས་ལས་ཞུགས་བརྟན་གཏོང་དང་། དམངས་འཚོར་འགན་ལེན། འབབ་འཕར་ལ་སྐུལ་འདེད་བཅས་བཏང་ཡོད།
གྲ་ནང་རྫོང་དབང་པོ་སྐྱོན་ཅན་ལས་ཞུགས་རྟེན་གཞིའི་ལས་སྣོན་འཁོར་ཁང་དུ་ལས་བཟོ་རྣམས་ཀྱིས་བྱང་ཆུབ་པོས་དྲས་གཏུབ་དང་། འཚེམ་བཟོ། དབུར་ཏི་རྒྱག་པ་བཅས་བྱེད་བཞིན་ཡོད་ཅིང་། རྟེན་གཞིས“གསོ་སྦྱོང+”ཀྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་དབང་པོ་སྐྱོན་ཅན་ལ་རྩལ་ནུས་བསླབས་པ་མ་ཟད། “གསོ་སྦྱོང+མངགས་ཐོ”ལ་བརྟེན་ནས་ལས་གནས་བརྟན་པོ་མཁོ་འདོན་ཡང་བྱས་ཏེ་གསོ་བཅོལ་དང་ལས་ཞུགས་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས།
གོང་དཀར་རྫོང་ནས་ཡིན་པའི་ཐུབ་བསྟན་ཡེ་ཤེས་ལ་སྨྱོ་ནད་ཡོད་པའི་དབང་གིས་སྐབས་ཤིག་རིང་ངལ་ནུས་ཤོར། 2019ལོར་ལྷོ་ཁ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འོས་སྦྱོར་འོག ཁོ་པ་རྟེན་གཞིར་ལས་ཀར་ཡོང་སྟེ་འཚོ་བར་སླར་ཡང་རེ་བ་རྙེད། རྟེན་གཞིའི་ལྟ་སྐུལ་བ་ཚེ་རིང་བསམ་གྲུབ་ཀྱིས“མིག་སྔར་དབང་སྐྱོན་ལས་མི་20ལྷག་ཙམ་ཡོད། ལག་རྩལ་སློབ་པ་མ་ཟད། ཁོང་ཚོར་སོ་སོའི་འཇོན་ཐང་ངོམས་པའི་ལས་སྟེགས་ཀྱང་བསྐྲུན་ཡོད”ཅེས་ངོ་སྤྲོད་བྱས།
ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་གནས་པའི་བསམ་ཡས་གྲོང་རྡལ་བློ་གྲོང་ཚོའི་ཤིང་ཏོག་ལྡུམ་རར་ཀུ་ཤུའི་སྡོང་པོར་ཀུ་ཤུ་བཏགས་ནས་བྱེ་ཐང་དུ་མཐོང་དཀོན་པའི་སྐྱེ་སྟོབས་མངོན། ཡུལ་མི་ཚེ་རིང་མཚོ་མོ་ཤིང་འབྲས་ལྡུམ་རར་མ་རྐང་འཇོག་མཁན་ཡིན་ཞིང་། དུས་རྒྱུན་རྩྭ་ངན་འགོག་པ་དང་ཡལ་བཞུར་རྒྱག་པའི་ལས་ཀ་བྱེད་ཀྱི་ཡོད། ཉིན་རེར་གླ་ཆ་སྒོར་180ནས་200བར་ཡོད། “ཕྱི་ལ་གླ་པར་འགྲོ་མི་དགོས་ལ་ནང་མིར་ལྟ་རྟོག་ཀྱང་བྱེད་ཐུབ་པས་ཧ་ཅང་ཡག་པོ་འདུག”ཅེས་ཁོ་མོས་བཤད།
2019ལོར་བློ་གྲོང་ཚོས་མུའུ་2000ཟིན་པའི་སྡོང་ཐུང་ཀུ་ཤུའི་རྟེན་གཞི་བསྐྲུན་པ་དང་། 2021ལོར་སྐྱེ་ཁམས་ཉམས་གསོ་དང་། འབྲས་ཤིང་འདེབས་འཛུགས། གྲོང་གསེབ་དར་རྒྱས་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེད་ཚལ་ཕྱོགས་བསྡུས་ཁུལ་བསྐྲུན་པ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཉི་མས“ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དང་། གྲོང་ཚོ་མཉམ་སྡེབ། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་བེད་མེད་དུ་བཞག་པའི་ས་རྒོད་གང་འགབ་ཅི་སྤྱོད་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཡུལ་མི་65ལས་མིར་བསྡུས་ཡོད”ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།