དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མངའ་རིས་ས་ཁུལ་གྱིས་རིག་ལྡན་ཡུལ་སྐོར་ལས་སྟེགས་འཛུགས་པར་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ཞབས་ཞུའི་སྟབས་བདེའི་རང་བཞིན་དང་རིག་ནུས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་རིག་ལྡན་ཡུལ་སྐོར་ལས་སྟེགས་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལས་སྟེགས་ཀྱིས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྔོན་མངགས་དང་། གསོལ་མགྲོན་ཁང་དུ་ཞག་སྡོད། འགྲིམ་འགྲུལ་འགྲོ་སྐྱོད། ཡུལ་སྐོར་སྣེ་ཤན་ཞབས་ཞུ་སོགས་བྱེད་ནུས་མང་པོ་ཞིག་བསྡུ་སྒྲིལ་བྱས་ནས“ལག་ཐོགས་ཁ་པར་འཁྲིས་ལ་ཡོད་ན། ཡུལ་སྐོར་བྱེད་པར་སེམས་ཁྲལ་མེད་པའི”“གཅིག་འཐུས་རྣམ་པའི”ཡུལ་སྐོར་ཞབས་ཞུའི་ཉམས་ལེན་དངོས་འབྲེལ་མངོན་འགྱུར་ཡོང་བ་བྱས་ཡོད།

    ཚན་རྩལ་གྱི་ཉམས་ལེན་ཐད་ལས་སྟེགས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ARདང་VRལག་རྩལ་ནང་འདྲེན་བྱས་ཏེ། ཡུལ་སྐོར་བ་ཚོར་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་རྒྱུ་བྱུང་ཡོད། གུ་གེའི་གནའ་ཤུལ་སྤྱི་གླིང་དུ་ཡུལ་སྐོར་བས་རྩ་གཉིས་ཨང་རྟགས་བཤེར་ན་ལག་ཐོགས་ཁ་པར་བརྒྱུད་དེ་དུས་དང་བར་མཐོངས་ལས་བརྒལ་ཏེ་གུ་གེ་རྒྱལ་རབས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཐད་ཀར་ཉམས་ལེན་ཐུབ་པ་དང་། ཚན་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་པ་ལས་ཡུལ་སྐོར་བ་ཚོའི་ཡུལ་སྐོར་གྱི་ཉམས་ལེན་དེ་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད།

    བདེ་འཇགས་འགན་སྲུང་ཡང་རིག་ལྡན་ཡུལ་སྐོར་ལས་སྟེགས་ཀྱི་བྱེད་ནུས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ལས་སྟེགས་ཀྱི་འདུས་གྲུབ་རིག་ནུས་ལྡིར་སོ་སྤྲོས་ཆས་དང་འཕྲལ་སྡོམ་དོ་དམ་མ་ལག་གིས་མཛེས་ལྗོངས་ཁུལ་གྱི་འགྲུལ་རྒྱུན་དང་བདེ་འཇགས་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད།

    ཡུལ་སྐོར་བ་མང་བའི་སྐབས་སུ་མ་ལག་གིས་རང་འགུལ་ངང་སྔོན་བརྡ་གཏོང་བ་དང་ཆབས་ཅིག ཡུལ་སྐོར་བར་ཁ་ཐོར་ནས་འགྲོ་དགོས་པ་ལས་འཚང་ཁ་རྒྱག་རྒྱུ་མེད་པའི་ཁྲིད་སྟོན་བྱེད་ཀྱི་ཡོད། ཡུལ་སྐོར་བར་ཛ་དྲག་གནས་ཚུལ་འཕྲད་སྐབས་ཀྱང་ལས་སྟེགས་ཀྱི་མཐེབ་གཅིག་འབོད་བརྡ་བཏང་ནས་རོགས་ཞུ་བྱེད་ཆོག་པས། འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།

    རིག་ལྡན་ཡུལ་སྐོར་གྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་དང་ཁྱབ་སྤེལ་ལ་སྐུལ་འདེད་བཏང་ཞིང་། རིག་ལྡན་ཡུལ་སྐོར་ལས་སྟེགས་ནི་ཡུལ་སྐོར་བའི་རོགས་ཟླ་ཡིན་ལ། མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ངོམས་སྟོན་བྱེད་སའི་སྐར་ཁུང་ཡང་རེད། རིག་ལྡན་ཡུལ་སྐོར་ལས་སྟེགས་བཙུགས་པ་དེས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཞིང་། སྔོན་ཆད་ཆ་འཕྲིན་རག་པའི་ཐབས་ལམ་ཆ་ཚང་པོ་མེད་པ་དང་སྔོན་མངགས་ཀྱི་བརྒྱུད་རིམ་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད་ཀྱང་། ད་ཆ་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་གང་ས་ནས་ཆ་འཕྲིན་རག་སྟེ་སྔོན་མངགས་ཁག་བདེ་བླག་ངང་བསྒྲུབས་ཐུབ་པས། འགྲུལ་བཞུད་དེ་བས་སྟབས་བདེ་རུ་དང་ཕན་ནུས་ཆེ་རུ་ཕྱིན་ཡོད།

    རིག་ལྡན་ཡུལ་སྐོར་ལ་སྐུལ་འདེད་བཏང་བས་མངའ་རིས་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་རྒྱུན་མཐུད་ཕྱིན་ཞིང་། གྲངས་གཞི་ལས་མངོན་པར། ཟླ་བ་ལྔ་པའི་ཟླ་མཇུག་བར་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་59.98ལ་སྣེ་ལེན་ཞུས་པ་དང་། ཁོང་ཚོས་ཡུལ་སྐོར་གྱི་འགྲོ་སོང་ཁྱོན་བསྡོམས་སྒོར་དུང་ཕྱུར་4.89བཏང་བ་དེ་དུས་མཚུངས་ལས་26.7%དང་19.02%སོ་སོར་འཕར་ཡོད། རིག་གནས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་3297.07ཟིན་ཏེ་ལོ་འཁོར་དམིགས་ཚད་ལས་འགན་གྱི་41.2%ཟིན་ཡོད། མངའ་རིས་སུ་ཡོང་མཁན་ཕྱི་ཁོངས་ཡུལ་སྐོར་བ་མི་ཐེངས་4896ཟིན་པ་དང་ཡུལ་སྐོར་བས་འགྲོ་སོང་ཁྱོན་བསྡོམས་སྒོར་ཁྲི་1078.2བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་53%འཕར་ཡོད། རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་ལས་བརྟན་ཁྲོད་ལེགས་འཕེལ་གྱི་འཕེལ་ཕྱོགས་མངོན་ཡོད། བཀྲག་མདངས་ཆེ་བའི་གྲངས་གཞིའི་རྒྱབ་ཏུ་རིག་ལྡན་ཡུལ་སྐོར་ལས་སྟེགས་ཀྱིས་སྐུལ་འདེད་ནུས་པ་གལ་ཆེན་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།