བོད་ལྗོངས་ནག་ཆུར་གཡུ་མཚོ་དྭངས་ཤིང་རི་ལུང་མཛེས།
མགྲོན་ཁང་གཉེར་བའི་ཐོག་མའི་ཀུན་སློང་སྐོར་གླེང་སྐབས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་དར་རྒྱས་མགྲོན་ཁང་གི་བདག་པོ་བསོད་ཚེས་འདི་ལྟར་བརྗོད་པ་སྟེ། 2016ལོར་ཡུལ་སྐོར་བ་ཁྱུ་གཅིག་གིས་རླངས་འཁོར་བཏང་ནས་དྭངས་ར་གཡུ་མཚོར་ཡོང་སྟེ་རྩེད་འཇོར་རོལ་ཞིང་། མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ལས་ཁོང་ཚོ་ཕྱིར་ལོག་རྒྱུའང་བརྗེད། རིམ་གྱིས་ས་རུབ་པ་དང་ཡུལ་སྐོར་བ་རྣམས་མཚོ་འགྲམ་གྱི་མི་རིང་བའི་སར་ཡོད་པའི་བསོད་ཚེའི་ཁྱིམ་དུ་གནས་ཚང་གཡར་བར་སླེབས། བསོད་ཚེས་ཁོང་ཚོར་དགོང་ཟས་ཞིམ་པོ་དང་ཉལ་ཆས་གཙང་མ་མཁོ་འདོན་བྱས་པས་འགྲོ་ཁར་ཡུལ་སྐོར་བ་དེ་དག་གིས་དེ་བསྟུན་གྱི་རིན་པ་བཞག སྐབས་དེ་དུས་བསོད་ཚེས་ཚོང་ལས་ཀྱི་གོ་སྐབས་ཚོར་ནས་ལམ་སེང་ཤིང་གི་ཉལ་ཁྲི་10ཉོས་པ་དང་ཁྱིམ་གྱི་ཉལ་ཆས་ལྷག་མ་བླངས་ནས་དམངས་སྲོལ་གནས་ཚང་གཉེར་འགོ་བརྩམས། ལོ་དེར། ཁོང་ལ་ཡོང་འབབ་མང་པོ་རག་ཡོད་པ་རེད།
2020ལོར་ལོ་22ལ་སླེབས་པའི་བསོད་ཚེའི་བུ་གཡུང་དྲུང་ཕ་ཡུལ་དུ་ལོག་ནས་དམངས་སྲོལ་གནས་ཚང་གཉེར་སྐྱོང་དོ་དམ་གྱི་འགན་ཁུར་ཞིང་། 2023ལོར་གཡུང་དྲུང་གིས་སྒོར་ཁྲི་50བཏང་ནས་དམངས་སྲོལ་གནས་ཚང་ལ་ཕྱོགས་ཡོངས་ནས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ“དམངས་སྲོལ་གནས་ཚང”དེ“མགྲོན་ཁང”དུ་དངོས་སུ་བསྒྱུར། “སྒྱུར་བཀོད་ཐད་བཏང་བའི་སྒོར་ཁྲི་50ཡི་ནང་ནས་སྒོར་ཁྲི་30ནི་དངུལ་ཁང་ནས་གཡར་བ་དང་། ཟླ་བ་གོང་མར་དངུལ་བུན་ཚང་མ་འཇལ་ཚར་བ་ཡིན”ཞེས་གཡུང་དྲུང་གིས་འཛུམ་མདངས་འཕྱུར་བཞིན་བཤད།
རིག་གནས་ཀྱི་ཁྱད་ཆོས་དང་ཞབས་ཞུ་ཡག་པོ་ཡོད་པའི་རྐྱེན་གྱིས་གཡུང་དྲུང་ལ་རྟག་ཏུ་མགྲོན་པོ་རྙིང་པའི་མངག་ཐོ་འབྱོར་གྱི་ཡོད། “ཟླ་9པའི་ཟླ་མཇུག་ཏུ་ང་ཚོ་མི་21དྭངས་ར་གཡུ་མཚོར་འགྲོ་རྩིས་ཡོད་པས། སྔར་བཞིན་ཁྱེད་ཚོའི་ཁྱིམ་དུ་སྡོད་ཀྱི་ཡིན” གཡུང་དྲུང་གིས་སྐད་འཕྲིན་ནང་སྐུ་མགྲོན་གྱིས་བསྐུར་ཡོང་བའི་བརྡ་འཕྲིན་སྟོན་བཞིན“ན་ནིང་ཡུལ་སྐོར་བ་2000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་སོང་། ད་ལོ་སྒོར་ཁྲི་8ལྷག་ཙམ་བྱུང་སོང་། ངས་ད་དུང་དྲ་ཐོག་གི་ལས་སྟེགས་མང་པོར་སྔོན་མངག་གི་ཞབས་ཞུའང་བཟོས་ཡོད”ཅེས་གདེང་ཚོད་ཆེན་པོས་བརྗོད།
ཉེ་བའི་ལོ་ཤས་རིང་། ཐུན་མོང་མ་ཡིན་པའི་རང་བྱུང་གི་མི་ཆོས་རིག་གནས་མཛེས་ལྗོངས་ལ་བརྟེན་ནས་དར་རྒྱས་མགྲོན་ཁང་གནས་སའི་འོམ་བུ་སྡེ་ཁུལ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། དེ་གའི་མིང་གྲགས་ལ་བརྟེན་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་པ་མ་ཟད། ཡུལ་དེ་གའི་གྲོང་མི་རྣམས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད།
2023ལོའི་ཟླ་12པར། དྭངས་ར་གཡུ་མཚོའི་མཛེས་ལྗོངས་ཁུལ་དེ་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་ཤིང་། འོམ་བུ་སྡེ་ཁུལ་ལ་ད་དུང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོ་དང་། སྐྱེ་ཁམས་པར་ལེན་བྱེད་ས་མཛེས་ཤོས། འཁོར་གཏོང་ཡུལ་སྐོར་གྱི་དམིགས་ས་ཡག་ཤོས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།
“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། ང་ཚོས་མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བ་བཏང་ནས་འོམ་བུ་སྡེ་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་འཛུགས་སྐྱོང་། ཁྲོམ་ར་གསར་འབྱེད་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་མང་པོ་ལག་བསྟར་བྱས་ཡོད”ཅེས་ཉི་མ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོན་ཁྲུན་ཡུས་ཀྱིས་བཤད་ཅིང་། ཁོང་གིས། དྭངས་ར་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་རིག་གནས་དང་བྱང་ཐང་གི་འབྲོག་ལས་རིག་གནས་ཀྱང་ཡོད་ཅིང་། དེ་ནི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་གི་དཔེ་མཚོན་ཞིག་རེད་ལ། ལྟ་སྐོར་ལྗོངས་རྒྱུ་དང་སྤྲོ་གསེང་གཏོང་བའི་ས་ཆ་ཡིད་དུ་འོང་བ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།