དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལྗང་མདོག་ཐོན་ལས་ཀྱི་སྒུལ་ནུས་འཕེལ་བར་བྱས་པ།

    ས་མཐོའི་གྲོག་རོང་དབར་གྱི་འཕེལ་རྒྱས་ཀྱི་གསང་རྟགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-24

    ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་རི་མཐོའི་གྲོག་རོང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་དང་ཁུལ་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། དངོས་ཚན་དཔལ་འབྱོར་ལ་དམིགས་པ། ས་མཐོའི་རྒུན་འབྲུམ་དང་། ལྗང་མདོག་ཨར་སྐྲུན་རྒྱུ་ཆ། ནུས་རྒྱུ་གཙང་མ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ཏེ། ས་མཐོའི་ཁྱད་ལྡན་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། ལྗང་མདོག་ཐཱན་ཉུང་གི་ཐོན་ལས་འཁོར་རྒྱ་གྲུབ་པ། “ནུས་རྒྱུ་དང་སྐྱེ་ཁམས”ཟུང་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པ་བཅས་བྱས་པ་བརྒྱུད། ལྗང་མདོག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་རྒྱས་བར་བྱས་ཡོད།

    ས་མཐོའི་རྒུན་འབྲུམ་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་པ།

    ལྷོ་ཁ་གྲོང་ཁུལ་གྱི་ཤར་ཕྱོགས་སུ་རླངས་འཁོར་སྐར་མ་བཅུ་ལྷག་ཙམ་གྱི་བར་ཐག་ཆོད་པའི་ཟངས་རིའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ནི་ཟངས་རི་རྫོང་གི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་རེད། ལོ་བཅུ་ལྷག་ཙམ་རིང་། ཟངས་རི་རྫོང་གིས་སྲིད་ཇུས་ཀྱི་ཁྲིད་སྟོན་བྱས་པ་བརྒྱུད། ཁེ་ལས་ཀྱིས་གྲམ་ཐང་དང་ཐང་རྒོད་སོགས་བེད་མེད་ས་ཆ་མུའུ་9600ལྷག་ཙམ་དུ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཝེ་ཏེར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་ཡོད། དེ་སྔའི་གཙང་འགྲམ་གྱི་བྱེ་ཐང་རྒུན་འབྲུམ་འདེབས་འཛུགས་དང་། ས་མཐོའི་ས་བོན་འདེབས་གསོ། ཡུལ་སྐོར་ལྟ་སྐོར། རྒུན་ཆང་སྙོལ་བ། ཕྱིར་ཚོང་སོགས་ཐོན་ལས་འཁོར་འབྲེལ་ཆ་ཚང་ལྡན་པའི་གླིང་ཁུལ་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང“རྒུན་འབྲུམ་འཐོག་དུས”ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ལ་བརྟེན་ནས། ཟངས་རི་རྫོང་གིས་ད་དུང“རྒུན་འབྲུམ་འཐོག་པ་དང་། རྒུན་ཆང་གཞིས་ཀར་ཡུལ་སྐོར། ཆུ་ཚན་ལུས་གསོ། སྐྱེ་ཁམས་ལྟ་སྐོར”བཅས་ཀྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཏོད་པ་དང་། གཟི་བྱིན་ལྷ་མཚོ་ཡུལ་སྐོར་དམངས་གཞས་མཛད་སྒོ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་། རྒུན་ཆང་གཞིས་ཀར་ཡུལ་སྐོར། ཚོགས་འཛུགས་རྣམ་གྲངས་སྤུས་ལེགས་བཅས་འཕེལ་རྒྱས་བཏང་བས། ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1800ལས་བརྒལ་ནས་ཐོན་ལས་རིན་ཐང་སྣ་མང་སྣུར་སྲིང་མངོན་འགྱུར་བྱུང་ཡོད།

    མིག་སྔར་ཟངས་རི་རྫོང་གིས་ཟངས་རི་རྫོང་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སི་དང་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་དབར་མཉམ་ལས་གཏིང་ཟབ་བྱས་ནས། རྒུན་འབྲུམ་གྱི་རིགས་སྔར་བས་མང་དུ་གཏོང་བ་དང་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བར་ཆེད་ལས་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

    ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་གདུབ་ཟུམ་བཙུགས་པ།

    རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལག་རྩལ་འགག་སྒྲོལ་དང་བཟོ་རྩལ་སྒྱུར་བཀོད་བྱས་པ་བརྒྱུད། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་ས་མཐོའི་གད་སྙིགས་མེ་སྲེག་ལག་རྩལ་གསར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་ཨར་སྐྲུན་རྒྱུ་ཆ་ཐོན་སྐྱེད་དང་། ཟོག་སྙིགས་གཙང་སེལ། སྐྱེ་ཁམས་སྲུང་སྐྱོང་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ལྗང་མདོག་དང་། འཁོར་སྐྱོད། ནུས་ཆེ་བཅས་ཀྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་ཡོད།

    ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུས་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཨར་འདམ་དོང་ནས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པའི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཐོག་མ་2022ལོའི་ཟླ་5པར་འཁོར་སྐྱོད་བྱས་པ་ནས་བཟུང་། རིམ་བཞིན་ལྷོ་ཁ་གྲོང་ཁྱེར་གཙང་རྒྱུད་ཀྱི་རྫོང་དྲུག་དང་ཆུས་གཅིག་གི་འཚོ་བའི་གད་སྙིགས་ཏུན་ཁྲི་30ལྷག་ཙམ་གཙང་སེལ་བྱས་པ་དེ་ཐཱན་འབུད་ཚད་ཏུན་ཁྲི་14ཉུང་དུ་བཏང་བ་དང་གཅིག་མཚུངས་ཡིན། མིག་སྔར་ཟླ་རེར་འཚོ་བའི་གད་སྙིགས་ཏུན་9000ཙམ་གཙང་སེལ་ཐུབ་ཀྱི་ཡོད། ཀུང་སིས་ད་དུང་ཐཱན་ཉོ་ཚོང་བྱས་པ་བརྒྱུད། སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱུང་ནས“ལྗང་མདོག་ཐོན་སྐྱེད་དང་། ཐཱན་རྒྱུའི་རིན་ཐང་འཕར་བ། ལག་རྩལ་ལ་བསྐྱར་དུ་མ་དངུལ་གཏོང་བ”བཅས་ཀྱི་ཐོན་སྐྱེད་གདུབ་ཟུམ་ཆགས་ཏེ། ཐོན་ལས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད།

    “ནུས་རྒྱུ་དང་སྐྱེ་ཁམས”ཟུང་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་བཏོད་པ།

    ཕྱི་དྲོར། ཟངས་རི་རྫོང་དུ་གནས་པའི་DGཆུ་ཤུགས་གློག་ཁང་གིས་ཆུ་སྒོ་ཕྱེ་ནས་ཆུ་གློད་བཞིན་ཡོད།

    “གཟུགས་པོའི་རིང་ཚད་ལ་ལི་སྨི་64འདུག འདི་ནི་AIཡི‘ཉ་གདོང་ངོས་འཛིན”མ་ལག་འཁོར་སྐྱོད་བྱས་ཚུན་ཉ་ལམ་ནས་ཕྱིར་རྒྱུ་བའི་ལྷ་སའི་ཉ་ལིང་བུ་ཆེ་ཤོས་དེ་ཡིན”ཞེས་DGཆུ་ཤུགས་གློག་ཁང་གི་ཉ་ལམ་ལྟ་ཞིབ་ཁང་དུ་འགན་འཁུར་བ་ལི་ལེ་ཡིས་འཆར་ཤེལ་གྱི་གཡོན་ཟུར་ལ་མཛུབ་མོ་བཙུགས་ནས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད།

    ཉ་ལམ་ནི་ཉ་རིགས་ཕྱིར་རྒྱུ་བའི་གོམས་གཤིས་ལ་སྲུང་སྐྱོང་བྱ་ཆེད་བཙུགས་པའི་ཆུ་ནང་གི་འཛུགས་སྐྲུན་ཞིག་ཡིན། སྟོད་སྨད་ཀྱི་ཆུ་ཁོངས་འབྲེལ་མཐུད་བྱས་པ་བརྒྱུད། ཆུའི་བཞུར་ཚད་ཇེ་ཆུང་དུ་བཏང་ནས་ཉ་རིགས་ཕྱིར་ཐོན་པར་བཙུཌ་པའི་བགྲོད་ལམ་ཞིག་ཡིན།

    ཆུ་ཤུགས་གློག་ཁང་དེའི་ཉ་ལམ་གྱི་བར་ཁྱད་ལ་སྨི་81.77ཟིན་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་བར་ཁྱད་ཆེ་ཤོས་ཀྱི་སྒྲིག་སྦྱོར་རྣམ་པའི་ཉ་ལམ་ཞིག་རེད། མིག་སྔར་ཉ་ལམ་འདི་ནི་ཆུ་དཔྱད་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་སྟེགས་ཤིག་ཡིན་པ་མ་ཟད། ཉ་ལེང་བུ་སོགས་སྟོངས་ཉེར་ཡོད་པའི་ཉ་རིགས་ཀྱི་ཕྱིར་རྒྱུའི་རྗེས་ཤུལ་ལ་དུས་ཐོག་ཏུ་རྗེས་སྙེག་ཀྱང་བྱེད་ཐུབ། ཉ་ལམ་འཁོར་སྐྱོད་བྱས་ནས་ལོ་2རིང་བསྡོམས་ཉ་36522ལྷག་ཙམ་དེ་ནས་ཕྱིན་ཡོད། སྐྱེ་འཕེལ་ཁུལ་དུ་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་ས་མཐོའི་ཉ་རིགས་མི་འདྲ་བའི་ཉ་བསྡུ་རུབ་དང་། དེ་བཞིན་མི་ཐབས་ལ་བརྟེན་ནས་ཁམས་དཀར་ལེན་པ། མི་ཐབས་གསོ་སྤེལ། ཉ་ཕྲུག་གསོ་སྤེལ། ཆུའི་ནང་གློད་པ། ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ལ་འགན་འཁུར་གྱི་ཡོད། 2017ལོའི་ཟླ་7པར་འཁོར་སྐྱོད་བྱེད་འགོ་ཚུགས་ཚུན་ཁྱོན་ཉ་ཕྲུག་སྣ་ཚོགས་ཁྲི་56.3གློད་ཡོད།

    2025ལོའི་ལོ་སྟོད་ཁོ་ནར་ཆུ་ཤུགས་གློག་ཁང་དེས་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་གློག་ཤུགས་ཆན་ཝ་ཆུ་ཚོད་ཁྲི་7200ཕྱིར་བཏང་བ་དེ་ལྗོངས་ཡོངས་ཀྱི“བོད་གློག་ཕྱིར་གཏོང”འཐབ་ཇུས་ཀྱི་རྐང་འཛིན་གློག་ཁུངས་ས་ཚིགས་སུ་གྱུར་ནས་ས་ཁོངས་ཀྱི་ནུས་རྒྱུའི་བདེ་འཇགས་དང་རྒྱལ་ཡོངས་སུ་ནུས་རྒྱུ་གཙང་མ་མཁོ་སྤྲོད་ལ་འདེགས་སྐྱོར་གལ་ཆེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།