དྭངས་གཙང་ཆུ་བོར་སྲུང་སྐྱོང་བྱེད། གངས་ལྗོངས་ས་མཐོར་ཕན་བདེ་སྐྲུན།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་ཆུ་བེད་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་ཆུ་བེད་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ཡུན་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་ཆུ་བེད་ཀྱི་དཀའ་གནད་མང་པོ་བསལ་བ་མ་ཟད། ཡུན་རིང་གི་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་འབྲེལ་བའི་ཆུ་བེད་ཀྱི་དོན་དག་གལ་ཆེན་ཡང་མང་པོ་བསྒྲུབས་པས། ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
ཆུ་བེད་དར་སྤེལ་བཏང་ནས་རྩ་བ་བརྟན་དུ་བཏང་བ།
ཆུ་བེད་པུའི་བོད་ཀྱི་“གྲངས་འཛིན་གྱི་མཚེ་སྐྱེས་འབབ་རྒྱུད་འཛུགས་སྐྲུན་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི”ལས་གྲྭ་འབའ་ཞིག་ཡིན་པའི་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དེར་འབྱུང་ཁུངས་མང་པོའི་ལྟ་ཞིབ་ཚད་ལེན་དང་། ཚོད་འཛིན། དེ་བཞིན་འཁོར་སྐྱོད་དོ་དམ་བཅས་ཀྱི་གྲངས་གཞི་བསྡུ་སྒྲིལ་ཤར་གཏོང་དང་། ལས་སྒོའི་བཀོལ་སྤྱོད་བསྡུ་སྒྲིལ། ས་མཐོའི་ཆུ་འདྲེན་ཁུལ་གྱི་འཁོར་སྐྱོད་རྒྱང་བསྟེན་གཅིག་སྡུད་ཚོད་འཛིན་ལག་རྩལ་ཞིབ་འཇུག་གསར་སྤེལ་བཅས་བྱས་པ་བརྒྱུད་ཆུ་འདྲེན་ཁུལ་གྱི་སྤྱིའི་མ་ཡུར་གྱི་ཆུ་སྒོ་ཁག་རྒྱང་བསྟེན་ངང་དུས་ཐོག་ཏུ་ཚོད་འཛིན་དང་ཆུ་སྒོའི་བཞུར་ཚད་དང་ཆུ་གནས་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་ཐུབ་ནས་ས་མཐོའི་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཆུ་འདྲེན་ཁུལ་གྱི་འཁོར་སྐྱོད་དོ་དམ་ལ་མཐུན་རྐྱེན་ནུས་ལྡན་སྦྱར་ཡོད།
ལས་གྲྭས་ལོ་ལྟར་གཞིས་རྩེར་ཆུ་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.5མཁོ་འདོན་བྱེད་ཀྱི་ཡོད་པ་དང་ཆབས་ཅིག བོད་དབུས་གློག་དྲར་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་1ཡན་མཁོ་འདོན་བྱེད་ཀྱི་ཡོད་པས། རང་ལྗོངས་ཀྱི་ཕྱོགས་ཡོངས་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
འདི་ནི་རང་ལྗོངས་ཀྱི་ཆུ་བེད་ལྟེ་གནས་ལས་གྲྭ་དང་དེ་བཞིན་ལྷན་སྦྱར་ཆུ་འདྲེན་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།
མིག་སྔའི་བར་ལྗོངས་ཡོངས་སུ་ཆུ་མཛོད་སྣ་ཚོགས་150བསྐྲུན་ཞིང་། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་43.8ཟིན་པའི་ནང་ཆུ་མཛོད་ཆེ་འབྲིང་རིགས་28ཡོད་པ་དང་། ལྗོངས་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ལོ་རེའི་ཆུ་མཁོ་འདོན་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་15.64ལས་བརྒལ་ནས་ཆུའི་ཐོན་ཁུངས་སྙོམས་སྒྲིག་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱིས་ཆུ་བེད་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་901.23ཟིན་པ་དེ་སྔོན་གྱི་ལོ་བཅུ་ཕྲག་ཁ་ཤས་ཀྱི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
སྐྱེ་ཁམས་འཛུགས་སྐྱོང་བྱས་ནས་ཆུ་རྒྱུན་ལ་སྲུང་སྐྱོང་བྱས་པ།
ལྗོངས་ཡོངས་ནས་བལྟས་ན། རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་དུས་སུ་བོད་དུ་མ་ལག་ཚང་བའི་ཆུ་ལོག་འགོག་པའི་ལས་གྲྭ་ཧ་ལམ་མེད། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་བོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་འགོག་པའི་ལས་གྲྭ་དང་། ཆུ་ལམ་གྱི་ཆུ་རགས་འཛུགས་སྐྲུན། ཆུ་བོ་འབྲིང་ཆུང་བཅོས་སྒྲིག དེ་བཞིན་ཆུ་ལོག་ཐོན་ཡུལ་བཅོས་སྐྱོང་བཅས་ཆུ་ལོག་སྔོན་འགོག་གི་ལས་གྲྭ་ཆེ་གྲས་བཞི་ལག་ལེན་ཤུགས་ཆེན་བསྟར་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཆུ་རགས་སྤྱི་ལེ་4506བསྐྲུན་པ་དང་ཡར་ཀླུང་གཙང་པོ་སོགས་ཆུ་བོ་དང་གཙང་པོ་གལ་ཆེན་14ཡི་གཙོ་གནད་དུམ་བུར་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་ཏེ་ཆུ་བོ་འབྲིང་ཆུང་གི་གཙོ་གནད་དུམ་བུ་བཅོས་སྐྱོང་ལས་གྲྭ་492ལེགས་སྒྲུབ་བྱས་ཡོད།
རང་ལྗོངས་ཀྱིས་2018ལོར་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཤིང་། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་ཁྲི་1.47ལས་གནས་སུ་ཞུགས་ནས་ལས་འགན་བསྒྲུབས་པ་དང་། ཆུ་བོ་དང་མཚོ་ཡི་དོ་དམ་ཁྱབ་ཁོངས་635དབྱེ་འབྱེད་གཏན་འབེབས་བྱས་པ་མ་ཟད། ཆུ་བོ་དང་མཚོ་289ཡི་འགྲམ་ངོགས་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་ཀྱང་བཟོས་ཡོད། རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚོ་75བསྐྲུན་པ་དང་། ཆུ་བོ་དང་མཚོ་269ཡི་བདེ་ཐང་ལ་གདེང་འཇོག་བྱས་པར་ཆུ་བོ་དང་མཚོའི་བདེ་ཐང་གི་ཚད་གཞི་100%ཟིན་ཡོད། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚོ་ཡི་རྣམ་པ་མུ་མཐུད་ལེགས་སུ་ཕྱིན་པ་དང་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་ཆུ་སྤུས་ཚད་ལོན་ཚད་ཚང་མ་100%ཟིན་ཡོད་པ་རེད།
དམངས་འཚོ་ལེགས་སུ་བཏང་ནས་མི་སེམས་གཅིག་ཏུ་བསྒྲིལ་བ།
2024ལོའི་ཟླ་11ཚེས་3ཉིན། གམ་པ་རྫོང་གི་གྲོང་གསེབ་ཀྱི་འཐུང་ཆུ་དུད་ཚང་དང་ཐབ་ཚང་དུ་ཁྲིད་པའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ས་བབ་སྨི་4700ཟིན་པའི་ས་མཐོའི་མཐའ་མཚམས་ས་ཁུལ་དུ་རྫོང་ཡོངས་ཀྱི་ཤང་3གྱི་སྲིད་འཛིན་གྲོང་ཚོ་15ཚང་མར་འཐུང་ཆུ་དུད་ཚང་དང་ཐབ་ཚང་དུ་ཁྲིད་ཐུབ་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ཆུ་ཟོམ་སྒལ་པར་ཁུར་ནས་ཆུ་ལེན་དགོས་པའི་འཚོ་བ་ལོ་རྒྱུས་སུ་གྱུར་ཡོད།
བོད་དུ་གམ་པ་རྫོང་ལྟ་བུའི་དཔེ་མཚོན་ད་དུང་མང་པོ་ཡོད། ལོ་ངོ་60ཡི་རིང་བོད་ཀྱི་ཆུ་བེད་པས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མཐའ་ཚད་ཀྱི་ལས་འགན་དང་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། འབད་བརྩོན་ལོ་མང་བྱས་ནས“མི་ཕྱུགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ་བའི་ལས་གྲྭ”དང་། “གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས” “གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭ”དང“ཆུ་མཁོ་འདོན་འགན་ལེན”སོགས་འཕེལ་རྒྱས་ཀྱི་དུས་མཚམས་བརྒྱུད་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ཡོད།
ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་མ་དངུལ་སྒོར་དུང་ཕྱུར་93.72བཏང་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཁྱོན་ཁྲི་2.6ལྷག་ཙམ་བསྐྲུན་པ་དང་། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས“དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར”ཁྱབ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།