བགྲང་བྱ་དྲུག་ཅུའི་འཕོ་འགྱུར་ཆེན་པོ་ལས། ཀོང་པོའི་ཡུལ་ལུང་སྔོ་ལྗང་གོས་ཀྱིས་བརྒྱན།
—— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
ལོ་ངོ་དྲུག་ཅུ་སྙན་པའི་དབྱངས་སུ་གྱེར། དྲུག་ཅུའི་འཕོ་འགྱུར་ཡར་ངོའི་ཟླ་ལ་འགྲན། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་འབོད་པའི་ས་མཐོའི་མུ་ཏིག་ལྟ་བུའི་ཉིང་ཁྲི་དེ་ཉིད་ཧི་མ་ལ་ཡའི་རི་རྒྱུད་ཤར་འདབས་ཀྱི་བཀག་སྡོམ་ཁུལ་ཞིག་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དགའ་བས་བསུ་བའི་སྒོ་དབྱེ་ཁུལ་ཞིག་ཏུ་གྱུར་ཡོད། 2024ལོར། ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་267.78ཟིན་པ་དེ་2021ལོའི་ལྡབ་1.28ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.9དང་སྒོར་ཁྲི་2.7གྱི་འགག་སྒོ་ཆེ་མོ་ལས་སོ་སོར་བརྒལ་བ་དེ་2021ལོའི་ལྡབ་1.2དང་ལྡབ་1.26སོ་སོར་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་སླར་ཡང་བཏོད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དྲོ་འཇམ་ཉི་འོད་ཁྱིམ་ཚང་ཁྲི་སྟོང་མང་པོར་འཕྲོས་པ་ལྟར་རྒྱ་ཁྱབ་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ཉིང་ཁྲིའི་འཕེལ་རྒྱས་ཀྱི་རྣམ་པ་ནི་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་རེད་ལ། དུས་རབས་ཀྱི་གོ་སྐབས་དམ་འཛིན་དང་ལྗང་མདོག་ཕུགས་འདུན་དོན་གཉེར་བྱས་ནས་ཐུན་མོང་ཐོག་བརྩམས་པའི་ངོ་མཚར་གྱི་ལེའུ་ཞིག་ཀྱང་རེད།
རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།
མེ་ཏོག་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན་པའི་ངོས་ནས“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་འབོད་ཅིང་། དེ་གར་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་མང་ཚོགས་མི་རབས་མང་པོས་མི་ཕྱུགས་གཉིས་ཀས་དོ་པོ་རྒྱབ་འཁུར་གྱི་དཀའ་ཚེགས་ཆེ་བའི་ལོ་ཟླའི་དྲན་འཆར་འདུས་ཡོད། 2013ལོར་དགའ་ལུང་ལ་གཏལ་འབིགས་ཐུབ་ནས་ཁྲབ་མེ་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་མང་པོ་གཅིག་རྗེས་གཉིས་མཐུད་ངང“ཨོ་རྒྱན་སྦས་ལུང”དུ་ཡོང་བ་མཐོང་སྐབས། མེ་ཏོག་རྫོང་དམག་སྡེ་གྲོང་ཚོའི་ཡུལ་མི་དོན་གྲུབ་ཚེ་རིང་གིས་མིག་ལ་མཆི་བཞག་འཁོར་བཞིན་དུ“མི་རབས་ནས་མི་རབས་བར་གྱི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་སོང”ཞེས་བཤད། དེ་ནས་བཟུང་མེ་ཏོག་རྫོང་གི་མང་ཚོགས་ཀྱི་དོ་པོ་རྒྱབ་ཁུར་གྱི་དུས་རབས་མཇུག་འགྲིལ་ནས་འཕེལ་རྒྱས་ཀྱི་ལམ་ཆེན་ཡངས་པོར་བསྐྱོད་ཡོད།
འགྲིམ་འགྲུལ་གྱི་འཕོ་འགྱུར་ལས་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་ཉིང་ཁྲི་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད།
སྔོན་ཆད་ཀྱི་ཐང་སྨད་འཕྲང་ལམ་དང་འཕྲེད་ལུང་འཕྲང་ལམ་ཧ་ཅང་གུ་དོག་ལ་གཡང་གཟར་བས་མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་ཡོད་པར་བརྟེན། རྒྱལ་ལམ་318རྒྱུད་དུ་ཉེན་ཁ་ཆེ་ཤོས་ཀྱི་རི་ཉིལ་ཁུལ་དང་འཆི་གསོན་ལ་ཐུག་པའི་འཕྲང་ལམ་ཐེབས་ཆག་ཅིག་རེད། 2015ལོ་དང་2016ལོར་ཐང་སྨད་ཟམ་ཆེན་དང་། འཕྲེད་ལུང་རོང་ཟམ་ཆེན། དེ་བཞིན་ལམ་རྒྱུད་ཀྱི་ཕུག་ལམ་བཅས་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་ནས་འཕྲང་ལམ་དོག་མོ་ཡངས་པའི་ལམ་ཆེན་དུ་གྱུར་ཡོད།
ལོ་ངོ་60ཡི་དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་ཉིང་ཁྲིའི་རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
གྲོང་ཁྱེར་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་7400ལྷག་ཙམ་ཟིན་ནས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། གྲོང་ཁྱེར་ཡོངས་སུ་གྲོང་ཚོའི་སྦྲག་སྲིད་ས་ཚིགས་436ཡོད་ཅིང་། 2024ལོར་གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་དང་མྱུར་སྐྱེལ་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་1335.34ལེགས་གྲུབ་བྱུང་སྟེ། གྲོང་གསེབ་ཀྱི་ཟོག་འགྲེམས་བསྐུར་སྐྱེལ་གྱི“མཐའ་མའི་འགག་གནད”བདེ་བླག་ངང་བསལ་ནས“འགྲོ་སྐྱོད་བདེ་བ་དང་དངོས་ཟོག་ཤར་འདྲེན”དངོས་སུ་མངོན་འགྱུར་བྱུང་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་སྤོས་པ།
ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་རྨང་གཞིའི་སྒྲིག་བཀོད་ཀྱིས“ཐོན་ལས་ཀྱི་མེ་ཏོག”“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་ལྷུག་པོར་བཞད་པར་རམ་འདེགས་བྱས་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་དང་། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་བའི“ཐོན་ལས་ཀྱི་སྡོང་པོ”རབ་དང་རིམ་པ་སྐྱེད་སྲིང་ཞིབ་ཚགས་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་སྐྲུན་པར་དམིགས་ཏེ་ཁམ་བུའི་མེ་ཏོག་གི་ལེའུ་ཡག་པོ་བརྩམས་ཤིང་། མེ་ཏོག་སྨྱན་སྦྱོར་དུ་བྱས་ནས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་བསྟུད་མར་གཉེར་བས། སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་ས་མཐོའི་ཁམ་བུའི་མེ་ཏོག་གི་གྲོང་ཁྱེར་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་གྲངས་འབོར་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་2021ལོའི་མི་ཐེངས་ཁྲི་1006དང་སྒོར་དུང་ཕྱུར་83.75ནས་2024ལོའི་མི་ཐེངས་ཁྲི་1530.65དང་སྒོར་དུང་ཕྱུར་138.21བར་སོ་སོར་འཕར་ནས་ཉིང་ཁྲིའི“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་རྒྱུན་མཐུད་མངོན་པ་དང“མི་ཡུལ་གྱི་ཁམ་བུའི་འབྱུང་ཁུངས”རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཡོད།
རི་སྔོན་ཆུ་དྭངས་ཁྲོད་ཉིང་ཁྲིའི་ཁྱད་ལྡན་ཞིང་འབྲོག་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
བོད་ཀྱི་གཞི་ཁྱོན་ལྡན་པའི་འདེབས་འཛུགས་ཀྱི་ཇ་ཞིང་དང་པོ་ཡིན་པའི་ཡིད་འོང་ཇ་རའི་ཇའི་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཞིང་། 2024ལོར་ཇ་ཕྱིར་ཚོང་བྱས་པར་དངུལ་འབོར་སྒོར་ཁྲི་890.59ཟིན་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་གཞིགས་ནས་ནགས་གསེབ་དཔལ་འབྱོར་དང་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས། རྫ་ཡུལ་གྱི་སྤྲེལ་ཁམ་དང་། སྣང་རྫོང་གི་སུར་པན། སྤོ་བོའི་ར་མོ་ཤག་ཆེན། མེ་ཏོག་གི་རི་མཐོའི་ཇ། ཀོང་པོ་རྒྱ་མདའི་བོད་ཕག སྨན་གླིང་གི་བོད་སྨན། ས་མཐོའི་ཉ་དང་ཤཱ་སྨི་སོགས་སྐད་གྲགས་ཆོད་པའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་རབ་དང་རིམ་པ་གྲུབ་ཡོད། དེའི་ནང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས“ཉིང་ཁྲིའི་ཀུ་ཤུ”2024ལོར་ནེ་པ་ལར་ཕྱིར་གཏོང་བྱས་པས། བོད་ཀྱི་རང་ས་རང་ཡུལ་གྱི་ཤིང་ཏོག་ཕྱིར་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།
ཁྱད་ལྡན་ཞིང་འབྲོག་ལས་ཀྱིས་ཞིང་འབྲོག་པའི“དངུལ་ཁུག”ལྗིད་ཏིག་ཏིག་ཆགས་པ་མ་ཟད། དེ་ཉིད་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུའང་གྱུར་ཡོད།
མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ།
འཕེལ་རྒྱས་ཀྱི་ཟབ་ཚད་ནི་མི་དམངས་མང་ཚོགས་ཀྱི་འཛུམ་མདངས་ལ་བརྟེན་ནས་ཚད་འཇལ་དགོས་པ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་ནི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་རྒྱུ་དེ་རེད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མྱུར་སྐྱོབ་སྒྲིག་བཀོད་སྡེ་ཁུལ་དང་གྲོང་གསེབ་ཏུ་སྒྲིག་སྦྱོར་བྱེད་པ་དང་། གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒན་རྒོན་གྱི་བཟའ་བཏུང་ལ་ཞབས་འདེགས་ཞུ་བ། ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་སྦྲག་གླ་ཆག་ཡང་དང་རྩ་ཆག་གཏོང་བ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་དེ་བཞིན་རླངས་འཁོར་འཇོག་སའི་སྔོ་ལྗང་སྒྲིག་བཀོད་མཐོར་གཏོང་། བེའུ་མགོ་གྲངས་ཁྲི་10འགན་བཅོལ་ནང་འཇུག་པ། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་དང་ཉམས་གསོ་བདག་སྐྱོང་བཅས“དམངས་འཚོའི་བྱ་བ་དངོས་ཁག་བདུན”ལག་བསྟར་ཤུགས་ཆེན་བྱས་པས་མང་ཚོགས་ལ་བདེ་ཞིང་སྐྱིད་པའི་ཚོར་སྣང་ཆེན་པོ་བྱུང་ཡོད།
སྨན་བཅོས་དང་སློབ་གསོ་ནི་དམངས་འཚོའི་ཇུས་ཆེན་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་རྫོང(གྲོང་ཁྱེར་དང་ཆུས)7ཚང་མར་རྒྱལ་ཁབ་ཀྱི་རྫོང་ཁོངས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བྱེད་པར་སྐུལ་འདེད་བཏང་བས“100%ལྔའི”དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་སློབ་གྲྭར་འགྲོ་བའི“འགན་ལེན་གསུམ”བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པ”བདེ་བླག་ངང་འཛུགས་གཏོད་བྱས་པ་དང་རྫ་ཡུལ་རྫོང་དང་མེ་ཏོག་རྫོང་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པ”བདེ་བླག་ངང་འཛུགས་གཏོད་བྱས་པ། རྒྱང་བསྟེན་སྨན་བཅོས་ལས་མང་ཚོགས་ལ་སྒོ་འགྲམ་དུ་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
ལས་ཞུགས་ནི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དམངས་འཚོའི་ཁྱབ་ཁོངས་ཆེན་པོ་གཞན་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་། འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། སློབ་གྲྭ་ཆེ་མོ་བའི་རང་བརྟེན་ལས་གཏོད་དང་ཁྲོམ་ར་ཅན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ། རྒྱུན་རྣམ་ཅན་གྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱེད་པ། དྲ་ཐོག་དང་དྲ་ཕྱི་ནས་ལས་མི་བསྡུ་བའི་ཉིས་འདེམས་འདུ་ཚོགས་གཉེར་བ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད། ལས་ཞུགས་ལས་སྟེགས་རྒྱ་ཆེར་འཛུགས་པ་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་ནས་ངལ་རྩོལ་པར་ལས་ཀ་ལས་རྒྱུ་ཡོད་པར་བྱས་ཡོད།
སྐྱེ་ཁམས་ཀྱི་རྨང་གཞི་སྐྱོང་སྤེལ་གཏིང་ཟབ་བྱས་པ།
ཉིང་ཁྲིའི་མཛེས་སྡུག་ནི་སྐྱེ་ཁམས་ལས་བྱུང་བ་ཞིག་ཡིན་ཞིང་། ལོ་ངོ་དྲུག་ཅུའི་འཕེལ་རྒྱས་བརྒྱུད་རིམ་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”འདུ་ཤེས་ཁྲག་རྒྱུན་ནང་མཉམ་འདྲེས་བྱས་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་རྩ་ཆེའི་རི་སྔོན་ཆུ་དྭངས་ལ་གཅེས་སྤྲས་བྱེད་བཞིན་ཡོད།
ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཡོང་མཁན་ཚང་མས་གཙང་པོ་དང་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་སྔོ་ལྗང་ལྗོན་ཤིང་ཚང་ཚིང་དུ་སྐྱེས་པའི་རི་ཆུའི་མཛེས་ལྗོངས་དེར་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། འདི་གའི་མཛེས་སྡུག་ནི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་འབྲས་བུ་ཡིན། ལོ་10ལྷག་ཙམ་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་1.76བཏང་ནས་ཡར་ཉང་འདམ་ར་དང་དེའི་མཐའ་འཁོར་ས་ཁོངས་ཀྱི་སྐྱེ་ཁམས་ཉམས་གསོ་དང་། ཚན་ཞིབ་ཚན་རིག་ཁྱབ་གདལ། སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱིས་འགན་ཁུར་བའི་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་བཙུགས་ནས་འདམ་རའི་སྐྱེ་ཁམས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་འགྲོ་བའི་འགན་ལེན་བྱས་ཡོད།
ཁོར་ཡུག་ལེགས་སུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ཞིང་། བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་མང་ཚོགས་ཀྱིས་སྐྱེ་ཁམས་འདེབས་འཛུགས་བརྒྱུད། གནས་དེ་གྲགས་ཅན་གྱི་སྔོ་ཚལ་དང་ཤིང་ཏོག་གི་རྟེན་གཞིར་བསྒྱུར་བས་མང་ཚོགས་ལ“སྐྱེ་ཁམས་ཀྱི་ཡོང་འབབ”རག་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས“སྐྱེ་ཁམས་བཟང་པོ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ན་ད་གཟོད་གཞི་ནས་གསེར་རི་དངུལ་རིར་འགྱུར་ཐུབ”ཅེས་མྱོང་ཚོར་ཟབ་མོས་བརྗོད།
འབྲེལ་ཡོད་གསར་འགྱུར།