དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བུ་ཆུང་།

    “ངས་བཏབ་པའི་སྡོང་ཕྲུག་དེ་དག་སྡོང་རྒན་དུ་གྱུར་ངེས་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    ཡར་ཀླུང་གཙང་པོའི་ལུང་གཞུང་བརྒྱུད་ནས་རླངས་འཁོར་བསྡད་ཚེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གོང་དཀར་རྫོང་གི་སྐྱིད་ནགས་ཡུག་ཁུལ་དུ་སླེབས། གསར་འགོད་པས་དེ་གར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་བྱང་ཐང་གྲོང་ཚོའི་ཡུལ་མི་བུ་ཆུང་མཐོང་བ་དང་། ཁོང་སྡོང་ཕྲུག་ལ་ལུད་རྒྱག་བཞིན་འདུག

    རི་རྩེར་འཛེགས་ནས་ཁོང་གིས་མཛུབ་མོ་འཛུགས་སའི་ཕྱོགས་སུ་བལྟས་ན། ཡར་ཀླུང་གཙང་པོ་ལྷུང་ལྷུང་དུ་རྒྱུག་ཅིང་། རི་ལྡེབས་ཀྱི་གསོམ་ཤིང་རེ་རེའི་སྐྱེ་འཚར་ཡང་མི་རྣམས་དགའ་འོས་པ་ཞིག་ཡོད།

    2024ལོ་དང་2025ལོ་འཁོར(ལྷོ་ཁའི་དུམ་བུ)གྱི་ལྷོ་རི་བྱང་རིའི་ནགས་བཟོའི་སྔོན་འཛུགས་རྗེས་གསབ་ལས་གྲྭ་སྟེ། སྐྱིད་ནགས་བརྟན་གཏོང་མཐོར་འདེགས་ཡུག་ཁུལ་ལ་ས་རྒྱ་མུའུ་2046.7ཡོད་པར་ཤིང་སྣ་9ཁྲི་24ལྷག་ཙམ་བཏབ་པ་མ་ཟད་ད་ལོར་ངལ་རྩོལ་ནུས་ཤུགས་ཁྱོན་མི་ཐེངས་10184ཞུགས་ཡོད།

    བུ་ཆུང་ཁྱིམ་ལ་ནང་མི་བཞི་ཡོད་པ་དང་ཁོང་སྐྱིད་ནཌ་ཡུག་ཁུལ་དུ་ལས་ཀ་བྱས་ནས་ལོ་གསུམ་སོང་། ཁོང་གིས“ད་ཆ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་ང་ཚོའི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད”ཅེས་བཤད།

    2022ལོར་སྐྱིད་ནགས་ཡུག་ཁུལ་དུ་ལས་ཀར་འགྲོ་དུས་བུ་ཆུང་སྡོང་ཕྲུག་སྐྱེལ་འདྲེན་ཚོགས་ཆུང་དུ་ལས་བགོས་བརྒྱབ་ནས་ལས་རོགས་ཚོ་དང་མཉམ་དུ་སྡོང་ཕྲུག་རི་སྟེང་དུ་དབོར་དགོས་པ་དང་དབོར་ཐེངས་གཅིག་ལ་མང་ཤོས་སྡོང་རྐང་3དབོར་ན་ཉིན་གཅིག་ལ་ཐེངས་40ཙམ་དབོར་དགོས་ཀྱི་ཡོད། བུ་ཆུང་གིས“མིས་ཟླ་བ་གཅིག་ཙམ་དབོར་ཀྱང་ལས་ཆོད་ཧ་ཅང་དམའ་བའི་དབང་གིས་འདྲུད་འཐེན་འཕྲུལ་འཁོར་གྱིས་དབོར་དགོས་བྱུང”ཞེས་བཤད།

    འདྲུད་འཐེན་འཕྲུལ་འཁོར་ནང་ཐེངས་གཅིག་ལ་སྡོང་རྐང་500ལྷག་ཙམ་བླུགས་ན་རི་རྐེད་ཙམ་དུ་དབོར་ཐུབ་པ་དང་། དེ་ནས་བུ་ཆུང་དང་ལས་རོཌ་ཚོས་སླར་ཡང་སྡོང་ཕྲུག་དག་ས་དོང་ཁག་ལ་དབོར་བས་ལས་ཆོད་ཧ་ཅང་ཆེ་རུ་ཕྱིན།

    མི་མེད་གནམ་གྲུས་སྡོང་ཕྲུག་དབོར་བ་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་ཀ་བྱེད་སྟངས་གསར་པ་ཞིག་ཡིན། ད་ལོར་སྐྱིད་ནགས་ཡུག་ཁུལ་དུ་མི་མེད་གནམ་གྲུ་6བཏང་བ་དང་ཟླ་བ་གཉིས་མ་སོང་བར་ལས་ཀ་ཚང་མ་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་སྡོང་ཕྲུག་ཐད་ཀར་གནས་གཏན་འཁེལ་དུ་དབོར་ཐུབ་པས་སྐྱེལ་འདྲེན་གྱི་ལས་ཆོད་ལྡབ་ཁ་ཤས་ཆེ་རུ་སོང་ཡོད་ལ། རི་ལྡེབས་ཀྱི་སྔོ་ཁེབས་ལ་གཏོར་སྐྱོན་ཐེབས་ཚད་དེ་བས་ཉུང་དུ་སོང་བ་གསར་འགོད་པས་ཤེས་རྟོགས་བྱུང་།

    བུ་ཆུང་གིས་མིག་མདུན་གྱི་སྔོ་ཐིང་ཐིང་གི་རི་བོར་ལྟ་བཞིན་དུ“ད་ཆ་གནམ་གཤིས་ཡག་ཏུ་སོང་བ་དང་ཁོར་ཡུག་ཀྱང་དེ་བས་ཡག་ཏུ་སོང་བས་ང་ཚོས་བཏབ་པའི་སྡོང་ཕྲུག་དེ་དག་སྡོང་རྒན་དུ་གྱུར་ངེས་རེད”ཅེས་སྤོབས་སེམས་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།