དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱ་ཐེར་ཐེར་གྱི་རི་བོ་ནས་སྔོ་ཐིང་ཐིང་གི་ནགས་རིའི་བར་གྱི་འགྱུར་ལྡོག

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལས། རི་སྔོན་ཆུ་དྭངས་རི་མོ་ལྟར་དུ་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    2021ལོར་བོད་ཀྱིས་གཞི་ཁྱོན་ཅན་གྱི་རི་ལྡེབས་ནགས་བཟོའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་སྟེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་འགོ་ཚུགས་ཤིང་། སྤྱི་ཡོངས་ཀྱི་འཆར་འགོད་ལྟར། དུས་ཡུན་ལོ་10ཡི་རིང་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)9དང་ཤང་གྲོང(ཁྲོམ་གཞུང)35རུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་པ་བྱས་ནས“ལོ་ལྔའི་རིང་རི་བོ་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུ་ཡི་རིང་སྔོ་ལྗང་གིས་ཡོངས་སུ་བཀླུབས་པའི”དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ནས་ལྷ་ས་འདི་ཉིད་སྐྱེ་ཁམས་སྡོད་མལ་གྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་དུ་ཧུར་ཐག་སྐྲུན་བཞིན་ཡོད།

    བྱེ་རླུང་ལྡང་མ་ཐག་ཁྱིམ་ཡང་མཐོང་རྒྱུ་མེད་པ།

    “རྒྱང་རིང་དུ་ལྟ་སྐབས་བྱེ་མས་ཁེངས་པ་དང་ཐལ་རླུང་འཚུབ་སྐབས་ཁྱིམ་ཡང་མཐོང་མི་ཐུབ་པ”དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་བྱེ་རླུང་གི་གནོད་འཚེའི་དོན་དངོས་གནས་ཚུལ་རེད།

    ས་བབ་སྨི་3680ཡོད་པའི་གྲ་ནང་རྫོང་ནི་བོད་ཀྱི་དབུས་ནུབ་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་ཤིང་། ས་ཁམས་ཀྱི་གནས་བབ་དང་གནམ་གཤིས་ཀྱིས་རྐྱེན་པས་དགུན་དཔྱིད་འཆར་རིམ་བཞིན་ལུང་གཞུང་དུ་རླུང་བུ་ཤུགས་ཆེན་ལྡང་ནས་ཆུ་འགྲམ་གྱི་བྱེ་མ་གང་སར་འཁྱེར་གྱི་ཡོད།

    གོང་དཀར་རྫོང་བྱང་ཐང་གྲོང་རྡལ་བྱང་ཐང་གྲོང་ཚོའི་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་དེའང་དགུན་དཔྱིད་སྐབས་རླུང་བུ་ཆེན་པོ་ལྡང་བའི་གནམ་གཤིས་བསྟན་པ་དེ་ཡིན་པ་དང་། བྱེ་མ་གང་སར་ཁྱེར་ནས་གྲོང་མིའི་འཚོ་བར་འགོག་རྐྱེན་སྣ་ཚོགས་བཟོ་བ་མ་ཟད། ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་ཞན་དུ་སོང་ཡོད།

    གངས་ལྗོངས་ས་མཐོར་གྲང་ངར་ཆེ་བ་དང་ས་རྒྱུ་ཞན་པ་ལས་ལྗོན་ཤིང་སྐྱེ་འཚར་ཁག་པོ་ཡོད། དེ་སྔ་ལྷ་ས་སྐྱིད་ཆུའི་འབབ་རྒྱུད་དུ་རྩྭ་རྩི་ཤིང་དཀོན་པ་དང་སྐྱེ་ཁམས་ཁོར་ཡུག་ཞན་པོ་ཡོད།

    གནས་བབ་དེར་འགྱུར་ལྡོག་གཏོང་ཆེད། 2012ལོར་ལྷ་སའི་ལྷོ་རིར་ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། 2016ལོར“ལྗང་མདོག་གིས་གྲོང་ཁྱེར་སྐོར་བའི”ལས་གྲྭ་རིམ་བཞིན་སྤེལ་བ། 2018ལོར་ལྷ་སའི་ལྷོ་རིའི་ཁ་སྤྲོད་དུ་ཡོད་པའི་བྱང་རིར་ཡང་སྔོ་འགྱུར་བྱ་སྤྱོད་ལག་ལེན་བསྟར་འགོ་ཚུགས་ཡོད།

    2023ལོར་ལྷ་ས་ནས་ལྷོ་ཁ་བར་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་མི་དེ་བས་མང་བར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དུས་འབྲིང་འཆར་འགོད་ལེགས་སྒྲིག་ལས་དོན་སྤེལ་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ཁའི་དུམ་བུའང་མཉམ་དུ་འཆར་འགོད་དུ་བཅུག་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་ཤིང་འཛུགས་ཚོད་ལྟ་སྔོན་ལ་ལག་ལེན་བསྟར་བ་ལས་ས་བབ་སྨི་3900ཡན་གྱི་ཕྱེད་སྐམ་ཤས་ཆེ་བའི་ས་ཁུལ་དུ་མི་ཐབས་ནགས་བཟོ་ཐུབ་ནས། རྗེས་མཐུད་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    ལྗང་མདོག“ལྕགས་རི་རིང་པོ”སྤྱི་ལེ་བརྒྱ་ཡི་སར་སྣུར་སྲིང་བྱས་པ།

    འདི་ནི་གནམ་ས་བསྒྱུར་བའི་རླབས་ཆེའི་ལས་གྲྭ་ཞིག་ཡིན་པ་དང་ས་བབ་མཐོ་བའི་ས་ཁུལ་གྱི་མི་ཐབས་ནགས་བཟོའི་སྐྱེ་ཁམས་ཀྱི་ངོ་མཚར་ཞིག་རེད་ཅེས་ལ་ལས་ཤོད་ཀྱི་ཡོད།

    ལས་གྲྭ་དེའི་མིག་སྔའི་བར་གྱི་གྲངས་གཞི་ཁག་གཅིག་ལ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་སྟེ། སྔ་རྗེས་སུ་མི་ཐེངས་ཁྲི་950ཙམ་ཞུགས་པ་དང་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་30ཙམ་ཡོང་བར་སྣེ་ཁྲིད་བྱས་པ་དང་། 2025ལོའི་ཟླ་བ་བདུན་པའི་བར། རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་100ལྷག་ཙམ་ལེགས་སྒྲུབ་བྱས་པར་སྤྱིའི་གསོན་ཚད་85%ཙམ་ཟིན་པ་དང་ས་ཁོངས་ཁག་གཅིག་ལ་གསོན་ཚད་90%ཡན་ཟིན་པ། ཆུ་རྫིང་1452བསྐྲུན་པ་དང་ཆུ་འདྲེན་མདོང་ལམ་སྟོང་སྨི་7085བཏིང་བ། གློག་སྒྱུར་ཆས་398སྒྲིག་སྦྱོར་བྱས་པ་དང་གློག་ཆེན་དང་གློག་ཆུང་སྐུད་ལམ་སྟོང་སྨི་433.19ཁྲིད་པ། བདག་སྐྱོང་འགྲོ་ལམ་སྟོང་སྨི་197བསྐྲུན་པ་བཅས“ཤིང་ནགས་ལ་ཆུ་འདྲེན་པ་དང་། ཆུ་ལས་གློག་གཏོང་ཐུབ་པ། ཤིང་ནགས་ཁྲོད་ལམ་བཟོས་པ་བཅས”ཀྱི་ཆུ་གློག་ལམ་གསུམ་གྱི་ལྷན་སྦྱར་ལས་གྲྭའི་འགན་ལེན་མ་ལག་གཞི་རྩའི་ཆར་བསྐྲུན་ནས“ལོ་ལྔའི་ནང་རི་བོ་སྔོ་ལྗང་གིས་བཀླུབས་པའི”དུས་མཚམས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ད་ཆ་མཁའ་ཐོག་ནས་ལྷ་སའི་ལུང་གཞུང་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་བལྟས་ཚེ། ལྷ་ས་གྲོང་ཁྱེར་གྱི་མཐའ་འཁོར་དང་། གོང་དཀར་གནམ་ཐང་གི་མཐའ་འཁོར། ལྕགས་པོ་རི། བར་མ་རི་ལ་སོགས་རིག་གནས་གནའ་ཤུལ་ཁུལ་དང་། ལྷ་ཉིང་དང་། ལྷ་གཞིས། ལྷ་གོང་སོགས་རིམ་མཐོའི་གཞུང་ལམ་ལམ་རྒྱུད་ཚང་མར་ནགས་བཟོ་སྔོ་འགྱུར་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས། དེ་སྔའི་སྐྱ་ཐེར་ཐེར་གྱི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད།

    བྱ་བ་གང་ཞིག་སྒྲུབ་རུང་ལས་འགོ་འཛུགས་སྐབས་དཀའ་ལས་ཁག་ཤོས་ཡིན་ཞིང་། ལོ་རྒྱུས་རང་བཞིན་གྱི་ལས་གྲྭ་རླབས་པོ་ཆེ་འདིའི་ལས་འགོ་འཛུགས་སྐབས། བསམ་དོན་ལམ་ལྷོངས་མ་བྱུང་བའི་གནས་ཚུལ་ཡང་འཕྲད་མྱོང་ཡོད། འགྲོ་ལམ་ཤར་གཏོང་མ་ཐུབ་པའི་རྐྱེན་གྱིས་སྡོང་ཕྲུག་དབོར་བར་རྟག་ཏུ་མི་དང་རྟ་དྲེལ་ལ་བརྟེན་དགོས་པ་དང་། ཆུ་གློག་སྒྲིག་བཀོད་དཀོན་པ་དེ་ལས་གྲྭར་སྐུལ་འདེད་གཏོང་བའི“བཀག་རྡོ”ཞིག་ཏུ་གྱུར་ཡོད།

    ད་ཆ། ནགས་བཟོ་ཁུལ་ཡོངས་སུ་དུས་འགོའི་ཁེ་ལས་ཁག་གཅིག་གིས་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག་མི་མེད་གནམ་གྲུས་སྡོང་ཕྲུག་དབོར་བས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྙོག་འཛིང་ཆེ་བའི་ས་དབྱིབས་ཁོར་ཡུག་ཁྲོད་ཀྱི་སྐྱེལ་འདྲེན་དཀའ་ངལ་ཐག་གཅོད་ཐུབ་པ་མ་ཟད། རི་ལྡེབས་ཀྱི་སྔོ་ཁེབས་ལ་གཏོར་སྐྱོན་ཡང་ཕོག་ཉུང་དུ་ཕྱིན་ཡོད།

    སྔོན་ཆད་སྐྱ་ཐེར་ཐེར་གྱི་རི་རྒོད་དེར་ད་ཆ་རྩྭ་རྩི་ཤིང་སྐྱེས་ནས་རི་བོ་སྔོ་ཐིང་ཐིང་དུ་གྱུར་པ་དང་ཁྱིམ་གཞིས་མཛེས་སུ་ཕྱིན་པ་དེ་ནི་མི་གྲངས་ལས་འདས་པའི་སེམས་ནུས་དང་འབད་བརྩོན་ལས་བྱུང་བ་ཞིག་རེད། ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱེད་ཆེད། རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་བཀོད་འདོམས་པ་གནང་བའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་བཙུགས་པས། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་གྱིས་འགན་འཁུར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་རྩ་འཛུགས་མ་ལག་ཅིག་གྲུབ་ཡོད་པ་རེད།

    ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཇུས་འགོད་དང་། ཨར་སྐྲུན། ཞིབ་བཤེར་རྩིས་ལེན་སོགས་ལས་གྲྭའི་ལྷུ་ཚིགས་ལ་དམིགས་ནས། སྔ་རྗེས་སུ་ནགས་བཟོའི་ལས་སྒྲུབ་ཇུས་འགོད་སྒྲིག་སྲོལ་དང་། ལག་རྩལ་གྱི་ཚད་གཞིའི་གནད་དོན། ལྟ་འདོམས་གཏན་འབེབས། ཞིབ་བཤེར་རྩིས་ལེན་བྱེད་ཐབས། ལག་བསྟར་ཞིབ་སྲོལ་སོགས་ལས་གྲྭའི་དོ་དམ་བྱེད་ཐབས་ཁག་20ལྷག་ཙམ་གཏན་འབེབས་བྱས་ནས་ལས་དོན་ཁག་བདེ་བླག་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད།

    མིག་སྔར། རང་ལྗོངས་ཀྱི་ཁེ་ལས་70ལྷག་ཙམ་ནགས་བཟོ་འགན་གཙང་ལེན་པའི་ལས་དོན་ལ་ཞུགས་ནས་ཁྱོན་བསྡོམས་མུའུ་ཁྲི་23ལྷག་ཙམ་གྱི་ནགས་བཟོ་འགན་གཙང་བླངས་པ་དང་། སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་གཏོང་བར་སྐུལ་འདེད་བཏང་ཡོད།

    རི་སྔོ་ཆུ་དྭངས་ཁྲོད་ཀྱི་སྐྱེ་ཁམས་ཀྱི་རྒྱུགས་ལན།

    བོད་ལ་སྔར་ནས“སའི་གོ་ལའི་གླིང་སྣེ་གསུམ་པ”ཞེས་འབོད་ཅིང་། སྐྱེ་ཁམས་ཁྱབ་ཁོངས་སུ་དམིགས་བསལ་གྱི་འཐབ་ཇུས་གནས་བབ་ལྡན་པ་དང་། དེའི་སྐྱེ་ཁམས་གནས་བབ་ནི་མཚོ་བོད་ས་མཐོ་དང་ཐ་ན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་མོད། འོན་ཀྱང་དེ་སྔ་བོད་ཀྱི་ས་ཁུལ་ཁ་ཤས་སུ་བྱེ་རླུང་འཚུབ་ཤུགས་ཆེ་བ་དང་། སྔོ་ཁེབས་ཉམས་ཞན་ཡིན་པ། རྒྱལ་ཁབ་ས་ཆ་བྱེ་ཐང་ཅན་དུ་འགྱུར་ཚབས་ཆེ་བ་སོགས་ཀྱི་གནད་དོན་གནས་ཡོད།

    སྐྱེ་ཁམས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ལ་བོད་ཀྱི“དོན་ཆེན་བཞིའི”ཡ་གྱལ་ཞིག་ཀྱང་ཡིན་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ན་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་ཐུབ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་མཐའ་འཁྱོངས་དང། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ནས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་བཏོད་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་པའི”དམིགས་ཚད་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》སོགས་བཏོན་ནས་ཁོར་ཡུག་གི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་ཁོར་ཡུག་ཁེ་དབང་འགན་སྲུང་ལ་བཅའ་ཁྲིམས་དང་ལམ་ལུགས་ཀྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད།

    ད་ལྟའི་གངས་ལྗོངས་ས་མཐོའི་མཁའ་རླུང་གཙང་ལ་ཆུ་མོ་དྭངས་བ་དང་། ནགས་ཚལ་སྟུག་པ། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་གནམ་སྔོན་རི་ལྗང་ཆུ་དྭངས་བཅས་ལོངས་སྤྱོད་བྱེད་བཞིན་ཡོད་པས་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་ནགས་ཚལ་ཁྱབ་ཚད་12.31%བར་ཆེ་རུ་ཕྱིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.02%ཟིན་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.9%ཟིན་པ། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་སྤུས་ཚད་ལེགས་པོ་དང་ས་ངོས་ཆུའི་ཆུ་སྤུས་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤྱི་ཡོངས་ནས་རང་བྱུང་ཁམས་ཀྱི་གདོད་མའི་རྣམ་པར་གནས་པ་དང་བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།