དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལོ་20ཡི་རིང“ས་མཐོའི་ལྷ་བྱ”ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཧོང་ཡའོ་མན།   |     སྤེལ་དུས།  2025-09-02

    ཞོགས་པའི་ཉི་གཞོན་ས་མཐོའི་མཁའ་རླུང་དང་འགྲོགས་ནས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་བོད་ལྗོངས་ཤན་རྩ་གཙང་པོའི་འདམ་རར་འཕྲོས་ཤིང་། ལྡེམ་ཞིང་འཁྱུག་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་དེ་གར་ཅི་དགར་རོལ་བཞིན་མཆིས། ཐག་མི་རིང་བའི་སར་མི་ཞིག་གིས་སྔར་རྒྱུན་བཞིན་རྒྱང་ཤེལ་བརྟན་པོ་བཙུགས་ཟིན། ཁོང་ནི་བོད་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱང་ལེ་རེད། ཁྲུང་ཁྲུང་སྐེ་ནག་དང་འགྲོགས་ནས་ལོ་20སོང་བའི་སྲུང་སྐྱོང་བ་ཁོང་གིས་སླར་ཡང་ཉིན་གཅིག་གི་ལྟ་ཞིབ་ཚད་འཇལ་ལས་དོན་སྤེལ་འགོ་ཚུགས།

    2004ལོར། པེ་ཅིང་ནགས་ལས་སློབ་ཆེན་ནས་ཐོན་པའི་དབྱང་ལེ་ཡིས་ནུབ་རྒྱུད་ས་གཞི་ཆེ་མོར་བརྩེ་སེམས་ཟབ་མོ་བཅངས་ནས“སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི”དང་བླངས་པའི་མིང་ཐོག་ནས་བོད་དུ་ཡོང་བ་དང་། ཕྱི་ལོར་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་དང་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས། སྐབས་དེ་དུས་ཁོང་ལ་ས་མཐོ་འདི་ཉིད་ཁོང་གི་ཚེ་གང་གི་བྱ་གཞག་སྒྲུབ་ཡུལ་དང་། ཁྲུང་ཁྲུང་སྐེ་ནག་དེ་ཉིད་ཁོང་གི་མི་ཚེའི“རོགས་ཟླ”གལ་ཆེ་ཤོས་ལ་འགྱུར་ཡོང་བསམ་མྱོང་མེད།

    “ཁྲུང་ཁྲུང་སྐེ་ནག་ནི་ས་མཐོའི་བདུན་བདར་དངོས་རིགས་ཤིག་ཡིན་པས། དེར་སྲུང་སྐྱོང་ཡག་པོ་བྱས་ཚེ་ས་མཐོའི་རི་སྐྱེས་སྲོག་ཆགས་གཞན་དག་དང་ཐ་ན་སྐྱེ་ཁམས་མ་ལག་ཧྲིལ་པོ་སྲུང་སྐྱོང་བྱེད་པར་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད”ཅེས་དབྱང་ལེ་ཡིས་བརྗོད།

    2007ལོ་ཚུན། དབྱང་ལེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་ལ་དགུན་དུས་བརྟག་དཔྱད་ཐེངས་10ལྷག་ཙམ་བྱས་ཤིང་། རིགས་ཁྱུའི་འགྱུར་ལྡོག་དང་། ཁྱུ་ཚོགས་ཀྱི་གནས་ཚུལ། མིས་བཟོས་འགོག་རྐྱེན་སོགས་ལ་དམིགས་ཏེ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་ཡོད། ཡུན་རིང་རི་ཐང་དུ་ལས་ཀ་བྱེད་དགོས་པའི་རྐྱེན་གྱིས་ཁོང་གི་མཆུ་ཏོ་གས་པ་དང་མཁུར་ཚོས་གཉིས་དམར་རྐྱང་དུ་གྱུར་ཞིང་། སྐས་འཛེག་ནས་འབབ་སྐབས་རྐང་པར་ན་ཟུག་གཏོང་བ་ནི་འཕྲེད་རྒྱུག་རི་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་རིང་རྨས་སྐྱོན་ཕོག་པའི་ཤུལ་རེད།

    ལོ་20ཡི་རིང་བརྟན་སྲུང་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། དབྱང་ལེ་དང་ལས་རོགས་ཚོས་བོད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་བབ་སྡོད་ཁུལ་དུ་ལྟ་ཞིབ་ཚད་ལེན་ཡན་ལག་ཁུལ་76བཙུགས་ནས། ཁྲུང་ཁྲུང་སྐེ་ནག་དང་དགུན་སྒྲོལ་ཆུ་བྱ་གཞན་དག་གི་ཁྱབ་ཚུལ་གྲངས་གཞི་ཟིན་ཐོར་བཀོད་དེ། འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ཐབས་ཇུས་ཀྱི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    ཕྱོགས་ཁག་གི་འབད་བརྩོན་འོག་བོད་ཀྱི་ས་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་20པར་3000ཡང་མ་ཟིན་པ་ནས་མིག་སྔའི་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ་དང་། རིགས་ཁྱུའི་གྲངས་འབོར་རྒྱུན་མཐུད་མང་དུ་འགྲོ་བཞིན་ཡོད། གྲངས་ཀ་འདི་ལས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ་མངོན་ཞིང་། མིག་སྔར། བོད་དུ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཚུད་པའི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དང་། དེའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད། ནགས་ས་དང་། ན་ཁ། འདམ་ར། ཆུ་ཁོངས་སོགས་སྐྱེ་ཁམས་ཀྱི་བྱེད་ནུས་ཅུང་ཆེ་བའི་ས་རིགས་སྤྱི་ལེ་ངོས་གྲུ་ཁྲི་108.11བར་མང་དུ་ཕྱིན་ཡོད།

    ཁྲུང་ཁྲུང་སྐེ་ནག་ལ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི“སོ་དམག”དང་ས་མཐོའི་འདམ་རའི་སྐྱེ་ཁམས་ཀྱི“ཁ་ཕྱོགས་སྟོན་རྟགས”ཞེས་འབོད་ཅིང་། དེ་དག་གི་འཚོ་གནས་གནས་ཚུལ་ལས་ས་མཐོའི་སྐྱེ་ཁམས་མ་ལག་ཡག་པོ་ཡོད་མེད་མངོན་གྱི་ཡོད། གངས་ལྗོངས་ས་མཐོའི་མི་རྣམས་ཀྱིས་སྲུང་སྐྱོང་བྱེད་པ་ནི་རྩ་ཆེའི་བྱ་རིགས་ཤིག་ཡིན་པ་མ་ཟད། སྐྱེ་ཁམས་མ་ལག་ཆ་ཚང་ཞིག་དེ་བས་ཀྱང་ཡིན་པས། ཕ་ཚ་བུ་རྒྱུད་ལ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།