སྐྱེ་ཁམས་སླར་གསོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་བས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།
ལྷ་སའི་ལྷོ་རི་བྱང་རི་སྔོ་ཐིང་ཐིང་དུ་གྱུར་པ།
ཕོ་བྲང་པོ་ཏ་ལ་ནས་རྒྱང་རིང་ལ་བལྟས་ཚེ། ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་རི་བོ་སྔོ་ཐིང་ངེར་གནས་པ་དང་། དབྱར་དུས། ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིར་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་སྐྱེས་པའི་ཁྲོད་ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་གིས་དྲན་རྟེན་པར་རྒྱག་བཞིན་མཆིས།
སྔོ་ལྗང་ལྗོན་ཤིང་བཏབ་པ།
ནགས་ས་དེའི་ཐོག་རང་ཉིད་ཀྱིས་བཏབ་པའི་ལྗོན་ཤིང་དང་པོ་ནི་དྲི་ཞིམ་མེ་ཏོག་གི་སྡོང་པོ་ཡིན་པ་མི་འགྱུར་གྱིས་གསལ་པོར་ངེས་ཡོད། ལྷ་སའི་བྱང་རིའི་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོའི་ཁུལ་གྱི་སྔོ་ལྗང་བདག་སྐྱོང་པ་ཞིག་ཡིན་པའི་ཁོང་གིས་དང་ཐོག་ལྗོན་ཤིང་བཏབ་ཐུབ་ཨེ་ཡོང་སྙམ།
ཁོང་གིས་དྲན་གསལ་ལ་ལྷོ་རི་བྱང་རི་ནི་སྔར་ནས་ད་བར“སྐྱ་ཐེར་ཐེར”ཞིག་ཡིན་པས་སྐབས་དེ་དུས་ཁོང་དང་ལས་རོགས་ཚོས“རི་སྟེང་དུ་ལྗོན་ཤིང་བཏབ་ཚེ་གསོན་ཨེ་ཡོང”སྙམ་གྱི་ཡོད།
ལྗོན་ཤིང་གསོན་ཐབས་བྱེད་པར་ཤིང་རིགས་ཇི་ལྟར་འདེམས་རྒྱུ་ནི་དུས་འགོར་རྟོག་ཞིབ་བྱེད་པའི་གཙོ་གནད་དེ་རེད། རྣམ་གྲངས་ཚོགས་པས་ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་པ་བརྒྱུད། གྲང་བཟོད་ཐན་བཟོད་ཐུབ་པའི་རང་ཡུལ་གྱི་ཤིང་རིཌ་12གདམ་གསེས་ཞིབ་ཚགས་བྱས་པ་རེད། ད་ཆ། ཐང་ཤིང་དང་། པགས་དཀར་གསོམ་ཤིང་། རྒྱལ་རྩེའི་གླ་ཚེར་སོགས་གདམ་གསེས་ཞིབ་ཚགས་ཀྱིས་ཚན་རིག་དང་མཐུན་པའི་ངང་འདེམས་གསོ་བྱས་པས་གང་སར་སྔོ་ཐིང་ཐིང་དུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སྐལ་བཟང་ནོར་བུས“ཉེ་དུས། ལྷ་སའི་ཉེ་འགྲམ་གྱི་རི་བོ་སྔོ་ལྗང་ཅན་དུ་གྱུར་ཚད་མངོན་གསལ་དོད་པོས་མང་དུ་སོང་ཡོད་ལ་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་སོང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལག་བསྟར་བྱས་ཚུན། ནགས་བཟོ་མུའུ་ཁྲི་107.93ལེགས་གྲུབ་བྱུང་བ་དང་སྡོང་ཕྲུག་དུང་ཕྱུར་1.2ལྷག་ཙམ་བཏབ་པ་དག་གསོན་ཚད་85%ཡན་ཟིན་ཡོད། ལས་གྲྭའི་ཁུལ་དུ། ཤྭ་བ་སེར་ཆེན་དང་། གནའ་བ། ཝ་མོ། སྤྱང་ཀི སྤྲེའུ་སོགས་སྲོག་ཆགས་རྟག་ཏུ་མཐོང་རྒྱུ་ཡོད”ཅེས་ངོ་སྤྲོད་བྱས།
སྔོ་ཐིང་ངེར་གྱུར་པའི་རི་རྒྱུད་དག་མཐོང་སྐབས་མི་འགྱུར་སྤོབས་པ་ཆེན་པོ་སྐྱེས། ཁོང་གིས་རང་ཉིད་ཀྱིས་དེ་སྔ་བཏབ་པའི་ལྗོན་ཤིང་དེ་དག་ལ་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་པ་མ་ཟད། སླད་ཕྱིན་མི་རབས་རྗེས་མ་ཚོས་ཀྱང་སྔོ་ལྗང་ཅན་གྱི་རྣམ་པ་དེ་མཐོང་ཐུབ་པར་འབད་བཞིན་ཡོད།
སྔོ་ལྗང་གི་རྣམ་པ་བསྲུངས་བ།
རི་སྟེང་དུ་ལམ་ཆུང་ཀྱག་ཀྱོག་ཞིག་ཡོད་རུང་ཉེན་ཁ་ཆེ་སར་རྐང་ལག་གཉིས་ཀ་བཙུགས་ནས་སྐྱོད་དགོས་ཀྱི་ཡོད། ལམ་ཆུང་ཀྱག་ཀྱོག་དེའི་སྟེང་ཚེ་རིང་པ་སྐྱིད་ཀྱིས་ལོ་བཞི་བསྐྱོད་ཡོད། ཁོ་མོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ལུང་ཤུར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཉམས་གསོའི་ཡུག་ཁུལ་2པའི་སྔོ་ལྗང་བདག་སྐྱོང་བཟོ་པ་ཞིག་རེད།
“ང་ཚོ་ལམ་སྣ་མིན་སྣ་ཚོགས་ལ་སྐྱོད་མྱོང་ཡོད”ཅེས་ཁོ་མོས་རང་ཉིད་ཀྱི་ལས་ཀ་ནི་ས་དོང་འདྲུ་བ་དང་། ལྗོན་ཤིང་འདེབས་པ། ཆུ་རྒྱག་པ། བདག་སྐྱོང་བྱེད་པ་བཅས་ཡིན་པ་གསལ་བཤད་བྱས་པ་དང་ཁོང་དང་ལས་རོགས་ཚོས་ཐག་རིང་ནས་ས་སླེ་པོ་དང་སླེ་པོ་བྱས་ནས་དབོར་བ་དང་ཆུ་མི་ཐབས་ལ་བརྟེན་ནས་རྒྱག་དགོས་པ་སོགས་དཀའ་ཚེགས་ཆེ་བའི་ལས་ཀ་དེ་ད་བར་རྒྱུན་འཁྱོངས་བྱས་ཡོད།
ཉེ་བའི་ལོ་གཉིས་རིང་ལག་རྩལ་འཕེལ་རྒྱས་བྱུང་བ་ལས་ཁོང་གི་ཁུར་པོ་ཡང་དུ་སོང་ཡོད། ཁོང་གིས“སྐར་མ་གཅིག་ནང་མི་མེད་གནམ་གྲུས་ས་རི་ལྡེབས་སུ་སྐྱེལ་ཐུབ་པས་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ལས་སྒྲུབ་ཀྱི་བདེ་འཇགས་ཀྱང་འགན་ལེན་ཐུབ་སོང”ཞེས་བཤད།
ཆུ་འདྲེན་ཐད་ལས་གྲྭས་རིག་ནུས་ཆུ་གྲོན་ཆུང་སྒྲིག་ཆས་སོགས་སྤྱད་པས་ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཆུ་འདྲེན་དྲགས་པ་ལས་ས་རྒྱུའི་གྲུབ་ཆར་གཏོར་བཤིག་ཕོག་པའི་རྣམ་པ་བཀག་འགོག་ཐུབ་ཡོད།
དེ་སྔ་ཆེད་ལས་ཤེས་བྱ་གང་ཡང་མི་ཤེས་པའི་བུ་མོ་དེ་ལས་ཀའི་ཁྲོད་རིམ་བཞིན་ལྗོན་ཤིང་བདག་སྐྱོང་མཁས་ཅན་ལ་གྱུར་ནས། རང་ཉིད་ཀྱིས་འགན་འཁུར་བའི་ཡུག་ཁུལ་གྱི་ལྗོན་ཤིང་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད།
ཚེ་རིང་པ་སྐྱིད་ལྟ་བུའི་ལས་བཟོ་བ་ད་དུང་ཧ་ཅང་མང་པོ་ཡོད། མིག་སྔའི་བར། ལས་གྲྭ་དེས་མང་ཚོགས་མི་ཐེངས་ཁྲི་900ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་འབབ་འཕར་སྒོར་དུང་ཕྱུར་29ལྷག་ཙམ་བྱུང་ནས་སྐྱེ་ཁམས་དང་ཡོང་འབབ་གཉིས་ཀ་ཡག་པོ་བྱུང་བ་དང་སྔོ་ལྗང་མང་དུ་ཕྱིན་པ་དང་འཕེལ་རྒྱས་གཉིས་ཀ་མངོན་འགྱུར་ནུས་ལྡན་བྱུང་ཡོད་པ་རེད།
སྔོ་ལྗང་ཁོར་ཡུག་མཉམ་སྤྱོད་བྱེད་པ།
ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་སུ་གནས་པའི་ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་ཞིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལས་དེ་གར་ལྗོན་ཤིང་གིས་ཁེངས་ནས་སྔོ་ཐིང་ངེར་གནས་པ་དང་ཉིན་ལྟར་སྤྱི་གླིང་དུ་ཡོང་ནས་རི་འཛེགས་པ་དང་སྤྲོ་གསེང་ལྟ་སྐོར་བྱེད་མཁན་གྱི་གྲོང་མི་དང་ཡུལ་སྐོར་བ་3000ནས་5000བར་ཟིན་གྱི་ཡོད་ལ་གུང་གསེང་དང་དུས་ཆེན་རིང་མི་ཐེངས་ཁྲི་1.8ཙམ་ཟིན་ནས་སྤྲོ་གསེང་ལ་རོལ་བ་དང་། མཛེས་ལྗོངས་ལ་ལྟ་སྐོར། ལུས་སྦྱོང་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་རིམ་བཞིན་གྱུར་ཡོད།
ད་ཆ་ལྷ་སའི་གྲོང་མིས་གང་སར་སྔོ་ལྗང་གིས་ཁེངས་པའི་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་ནང་འཚོ་བ་སྐྱེལ་བཞིན་མཆིས། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རང་བྱུང་སྲུང་སྐྱོང་ཁུལ་13བསྐྲུན་པའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་81.89ཟིན་པ་དང་འདམ་ར་སྲུང་སྐྱོང་བྱེད་ཚད་7%ཟིན་ཡོད། ད་ལོ་ལྷ་སས་སྐྱེ་ཁམས་བར་ཁྱམས་19འཛུགས་སྐྲུན་དང་ལམ་འགྲམ་སྤྱི་གླིང་6རིམ་སྤོར་བྱས་ཏེ“གྲོང་ཁྱེར་ནགས་ཚལ་ཁྲོད་དུ་གནས་པ་དང་གྲོང་ཚོ་སྔོ་ལྗང་ཁྲོད་དུ་གནས་པའི”ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་རྣམ་པ་གཏོད་རྩིས་ཡོད་པ་རེད།
རི་ཆུ་སྔོ་ལྗང་གིས་བརྒྱན། ལྷ་ས་ལྟ་ན་སྡུག སྔོ་ལྗང་དུ་གྱུར་པ་རི་བོ་ཙམ་མ་ཡིན་པར་མང་ཚོགས་ཀྱི་སྐྱིད་སྣང་ཡང་སྔར་བས་ཆེ་རུ་ཕྱིན་ཞིང་། “སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་བསྟུན་ནས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་གྱུར་སོང་། ང་ཚོས་ཀྱང་རང་ཉིད་ཉེ་འགྲམ་གྱི་རྩྭ་རྩི་ཤིང་ལ་དེ་བས་དོ་སྣང་བྱས་ནས་སྔོ་ལྗང་གིས་འཚོ་བ་མུ་མཐུད་གསོན་ཤུགས་འཕེལ་བ་བྱེད་ཀྱི་ཡིན”ཞེས་ལྷ་སའི་བགྲེས་སོང་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས་བཤད།
མིས་རི་ཀླུང་བརྩེ་བས་བསྐྱངས་ན་རི་ཀླུང་གིས་མི་ལ་མཛེས་སྡུག་སྐྲུན་ངེས་རེད། སྔོ་ལྗང་ལས་གྲྭའི་ཡུན་རིང་གི་སྐྱེ་ཁམས་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་རྗེས་ལྷ་སའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ནས་ཁུལ་ཁོངས་ནགས་ཚལ་གྱི་སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཆེ་རུ་ཕྱིན་ཡོད་ཅིང་། ཚོད་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ལོ་རེར་ཆུ་ཏུན་ཁྲི་4980གསོག་ཐུབ་པ་དང་། ཐཱན་ཏུན་ཁྲི་22.91སྲ་བརྟན་གཏོང་ཐུབ་པ། གསོ་རླུང་གཏོང་ཚད་ཏུན་ཁྲི་19.3ཟིན་པ། ལུད་ཏུན་ཁྲི་2.71སྲུང་ཐུབ་པ་བཅས་བྱུང་བ་དང་ལོ་རེའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85ཟིན་རེ་ཡོད་པ་རེད།
(《མི་དམངས་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།