དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྤྱི་གླིང་གཡུ་ཡི་སྐྱེད་ཚལ་གྱིས། ཕྱོགས་བཞིའི་སྐྱེ་བོ་མགྲོན་དུ་བོས།

    ལྷ་ས་མཐུན་སྒྲིལ་སྤྱི་གླིང་དུ་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རིན་ཆེན། བསོད་ནམས་ཆོས་སྒྲོན། སྐལ་བཟང་སྒྲོལ་དཀར། བསོད་ནམས་ཚེ་རིང་།   |     སྤེལ་དུས།  2025-08-15

    གྲོང་ཁྱེར་གྱི་འདུ་འཛི་དང་། ལས་ཀའི་བྲེལ་ཟིང་། འཚོ་བའི་ངལ་དུབ་རེ་ཞིག་རྒྱང་དུ་བསྐྲད་དེ། ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་སྤྱི་གླིང་ཁག་ཏུ་འཆམ་འཆམ་དང་སྦྲགས། ལུས་སེམས་གཉིས་ལ་བྱི་དོར་ཐེངས་རེ་བྱེད་རྒྱུ་ནི་གྲོང་མི་མང་པོ་ཞིག་གི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད།

    ཉེ་ཆར། ཕོ་བྲང་པོ་ཏ་ལའི་ལྷོ་ནུབ་ཏུ་ཆགས་ཤིང་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་དུ་གྲགས་པའི་ལྕགས་པོ་རིའི་འདབས་སུ་མཐུན་སྒྲིལ་སྤྱི་གླིང་དུ་འབོད་པའི་སྤྱི་གླིང་གསར་པ་ཞིག་སྒོ་ཕྱེ་བའི་གཏམ་བཟང་ཐོས། དེས་ན་གསར་འགོད་པར་སྤྱི་གླིང་གསར་པ་འདིར་ལྟ་བར་འགྲོ་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང་བས། གཟའ་མཇུག་གི་དུས་ཚོད་སྤྱད་དེ་སེམས་པ་དམར་པོ་རྐང་ཆུང་གི་རྟ་ཕོར་བསྐྱོན་ནས་དེ་གར་སྲབ་ཁ་སྒྱུར་བར་ཐལ།

    གྲོང་ཁྱེར་གྱི་སྤྱི་གླིང་ནི་གྲོང་མི་སྤྲོ་གསེང་རོལ་རྩེད་དང་འཆམ་འཆམ་དུ་སྐྱོད་ཡུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་གླིང་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས་གྲོང་ཁུལ་དུ་སྤྱི་གླིང་གསར་པ་མང་པོ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཏེ། གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་མཛེས་སུ་དང་། གྲོང་མིའི་འཚོ་བར་སྐྱིད་སྣང་དང་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    རྒྱུས་ལོན་བྱས་པ་ལྟར་ན། ལྷ་ས་མཐུན་སྒྲིལ་སྤྱི་གླིང་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕུལ་བའི་ལྗིད་ཏིག་ཏིག་གི་ཕྱག་རྟགས་ཤིག་ཡིན་ཞིང་། ད་ལོའི་ཟླ་3ཚེས་25ཉིན་སྐྲུན་འགོ་བཙུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.28བཏང་བ་རེད། སྤྱི་གླིང་གིས“རི་བོ་དང་། ཆུ་མོ། སྔོ་ལྗང་། མཚེའུ། སྣུམ་ཞག་དོད་པའི་གྲོང་ཁྱེར”བཅས་ཀྱི་བསམ་ཇུས་གཞིར་བཟུང་། མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་གཅིག་ཏུ་འདུས་ཡོད་ཅིང་། ཟླ་8ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར་དངོས་སུ་སྒོ་མོ་ཕྱེ་བ་རེད།

    ཞོགས་པར། སྔོ་ལྗང་ལྗོན་ཤིང་གིས་ཡོངས་སུ་བཀླུབས་པའི་ལྕགས་པོ་རིའི་འདབས་ཀྱི་མཐུན་སྒྲིལ་སྤྱི་གླིང་དུ་སྐྱོད་སྐབས། སྔོ་ལྗང་ལྗོན་པས་བརྒྱན་པའི་ལྕགས་པོ་རི་ནི་གཡུ་རླབས་སྔོན་མོ་ཆལ་ཆིལ་དུ་འཕྱོ་བ་ལྟར་སྣང་ཞིང་། མཁའ་རླུང་གཙང་ཞིང་བསིལ་དྲོད་སྙོམས་པས། ལུས་པོ་བདེ་སང་སང་དང་སེམས་པ་ལྷོད་ཤིག་ཤིག་ཏུ་གྱུར། སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་ཤིང་གི་ཚོགས་དང་། གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟ་བུའི་སྔོ་ལྟེམ་མེར་འཁྱིལ་བའི་མཚོ་མོ། སྣ་ལམ་དུ་ལྷང་ལྷང་འཐུལ་བའི་མེ་ཏོག་གི་དྲི་བསུང་། གཡུ་ཡི་མཎྜལ་ཕྱིས་འདྲའི་རབ་ཡངས་ནེའུ་གསིང་། ཟུར་མི་འདྲ་བ་ནས་མཇལ་བའི་ཕོ་བྲང་གི་མཛེས་ལྗོངས། གའུ་ཁ་སྦྱར་ལྟ་བུའི་ལྕགས་པོ་རིའི་ཆུ་ནང་གི་ལྡོག་གཟུགས་སོགས་རི་མོ་མཁན་གྱིས་སོར་རྩེ་ལས་འཁྲུངས་པའི་སྤྱི་གླིང་གི་མཛེས་ལྗོངས་ཀྱིས་གྲོང་ཁྱེར་གྱི་འདུ་འཛི་དང་ལས་ཀའི་བྲེལ་ཟིང་ཁྲོད་འདུར་རྒྱུག་ལ་གོམས་པའི་ང་ཚོར་ལྷིང་འཇགས་དང་བག་ཕེབས་ཀྱི་གྲུ་ཁ་ཞིག་བསྐྲུན་པ་ལྟར་སྣང་། དེ་ནས་ང་ཚོའི་ལུས་པོར་གད་བདར་དང་བྱི་དོར་ལན་གཅིག་ཐུབ་པར་མ་ཟད། སེམས་ལའང་ངང་པ་པད་མཚོར་རོལ་བ་བཞིན་གྱི་བདེ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་སྦྱིན་འོང་།

    གྲོང་མི་མང་པོས་ཕྲུ་གུ་ཁྲིད་ནས་འཆམ་འཆམ་དང་ལུས་སྦྱོང་བྱེད་པ་དང་། ཡུལ་སྐོར་བ་མང་པོས་པར་ཆས་ཐོགས་ཏེ་སྤྱི་གླིང་གི་མཛེས་པ་པར་དུ་ལེན་པ། ཕྲུ་གུ་མང་པོས་ས་ལྡིང་གནམ་ལྡིང་བྱེད་ཞོར་རྩེད་འཇོར་རོལ་བ་སོགས་འཛུམ་གྱི་པདྨོ་རང་དགར་གྲོལ་ཞིང་ཡུལ་སྐོར་དང་སྤྲོ་འཆམ་གྱི་བདེ་བས་མྱོས་པའི་དེ་གའི་སྐྱེ་བོ་རྒན་དར་གཞོན་གསུམ་ནི་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། གནས་དེ་གར་མ་གྲོས་གཅིག་མཐུན་གྱིས་མཉམ་དུ་འཛོམས་ཤིང་། ཁྱེད་དང་ང་ཞེས་དབྱེ་བ་མེད་པར་མཛའ་གཅུགས་ཀྱི་མེ་ཏོག་རབ་ཏུ་བཞད་ནས་འདུག

    ཉིན་གུང་གི་མཚམས་སུ། སྐྱེ་བོ་ལ་ལས་རྐང་ལམ་བརྒྱུད་ལྕགས་པོ་རིར་འཛེགས་ཏེ་འདྲེན་བྱེད་བུང་བའི་དགའ་ཚལ་དུ་གྱུར་པའི་ལྷ་སའི་མཛེས་ལྗོངས་དང་ཡང་སྒོས་སྤྱི་གླིང་གི་མཛེས་ལྗོངས་ལ་ལྟ་ཞོར་ཀྲོང་ངེར་ལངས་ནས་ཡོད་པར་བལྟས་ན། དེ་གའི་མཛེས་ལྗོངས་ལ་ཡིད་སེམས་བླ་ལྷག་ཏུ་ཤོར་ཏེ་རི་གཤམ་དུ་འབབ་འདོད་མེད་པ་ལྟར་སྣང་ཞིང་། ལྕགས་པོ་རིའི་ལྡེབས་ནས་གཤམ་དུ་མིག་ཟུང་གཏད་ཚེ། སྤྱི་གླིང་གི་མཛེས་པ་མ་ལུས་མིག་ལམ་དུ་བསྡུ་ཐུབ་སྟབས། སེམས་པ་རང་བཞིན་གྱིས་གུ་ཡངས་པོ་དང་བག་ཕེབས་པར་གྱུར། མཚན་མོར། སྐར་ཚོགས་ས་ལ་འཕོས་འདྲའི་གློག་སྒྲོན་གྱིས་བརྒྱན་པའི་སྤྱི་གླིང་ནི་དེ་བས་མཛེས་ཤིང་ལྟ་ན་སྡུག་པ་དང་། དེ་ནས་ཕོ་བྲང་བར་བསྲིངས་པའི་གཞུང་ལམ་ནི་གསེར་འོད་ལམ་ལམ་འཕྲོ་བའི་འབྲུག་རིས་ཤིག་དང་གཉིས་སུ་མ་མཆིས།

    སྤྱི་གླིང་གི་ཉེ་འཁོར་དུ་འཚོ་བ་སྐྱེལ་བཞིན་པའི་གྲོང་མི་མཚོ་མོས། སྔོན་ཆད་འདི་གར་ཚལ་ཁྲོམ་དང་། བརྙན་འཕྲིན་ལས་ཁུངས་ཀྱི་ལས་བཟོའི་འཚོ་བའི་ཁུལ། དེ་བཞིན་དངུལ་ཁང་སོགས་ཡོད། ནམ་རྒྱུན་འདུ་འཛི་ཆེ་བ་མ་ཟད། མི་སྣ་འགྲུལ་བཞུད་ཆེན་པོ་ཡོད། ད་ལྟ་སྤྱི་གླིང་བསྐྲུན་པས་ཁ་ཁུ་སིམ་པ་མ་ཟད། སྔ་དགོང་གཉིས་ལ་འདི་གར་འཆམ་འཆམ་བྱེད་ཆོག་པས། དངོས་གནས་སྐྱིད་པོ་འདུག་ཅེས་བརྗོད་པ་དང་། གཞིས་རྩེ་ས་སྐྱ་རྫོང་ནས་ཡིན་པའི་སྤོ་བོ་དངོས་གྲུབ་ཀྱིས། ཉིན་ཤས་གོང་། ཁ་པར་ནས་སྤྱི་གླིང་གསར་པ་དེ་སྒོ་ཕྱེ་བ་ཐོས་བྱུང་། དེ་རིང་འདི་གར་ཆེད་མངགས་ལྟད་མོ་ལྟ་བར་ཡོང་བ་ཡིན་ཞེས་བརྗོད་དེ། ཚ་མོ་པང་དུ་བཏབ་ནས་པར་ལེན་བཞིན་མཆིས། གཞིས་རྩེ་ལྷ་རྩེ་ནས་ཡིན་པའི་ཨ་ཅག་པད་སྒྲོན་སྤྱི་གླིང་གི་མཚེའུའི་ངོགས་སུ་གཙང་སྦྲ་བྱེད་བཞིན་འདུག་ཅིང་། ཁོང་གིས་དགའ་ཚོར་ཆེན་པོས། ང་དང་ལས་རོགས་ལྔ་པོ་འདི་གར་ཟླ་བ་བཞི་ཙམ་ལས་ཀ་བྱས་ནས་བསྡད་པ་ཡིན། ཉིན་གླ་སྒོར་260ཙམ་ཡོད་ཅེས་བརྗོད།

    མཐུན་སྒྲིལ་སྤྱི་གླིང་། ཁྱེད་ཀྱི་མཛེས་ལྗོངས་ནི་ཟ་འོག་གོས་ཀྱི་བླ་རེ་བྲེས་པ་ཇི་བཞིན་ཅི་འདྲའི་མཛེས་ཤིང་སྡུག་ལ་ཡིད་དུ་འོང་བ་ལ་ཨང་། ཁྱེད་ནི་དུས་རབས་གསར་པའི་པང་དུ་བཞད་པའི་པད་མ་དཀར་པོའི་ཆུན་པོ་ཞིག་དང་འདྲ་བར་གངས་ལྗོངས་ས་མཐོའི་ཡངས་པའི་དགའ་ཚལ་འདིའི་རྒྱན་ཆར་གྱུར་ཡོད་ལ། ཕྱོགས་བཞིའི་སྐྱེ་བོ་མང་པོ་མགྲོན་དུ་འཁོར་སའི་གནས་མལ་དྲོན་མོ་ཞིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།