ཡུལ་སྐོར་འདི་ཉིད“མི་ཉུང་ཤས་ཀྱིས་ལོངས་སྤྱོད་བྱེད་པ”ནས“དམངས་ཡོངས་ཀྱི་གདམ་གར”གྱུར་པའི་བར་གྱི་འགྱུར་ལྡོག
ཡུལ་སྐོར་ལས་རིགས་དར་རྒྱས་ཆེ། གངས་ལྗོངས་ས་མཐོ་འཕེལ་རྒྱས་བཟང་།
1984ལོར་བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་བཙུགས་ཤིང་། དེ་ནི་ས་འོག་ནས་འབུས་པའི་མྱུ་གུ་བཞིན་གངས་ལྗོངས་ས་མཐོར་ཡུལ་སྐོར་ཐོན་ལས་ཅན་འཕེལ་རྒྱས་ཀྱི་རྩ་བ་ཚུགས། ཕྱིས་འབྱུང་གི་ལོ་ངོ་40ལྷག་ཙམ་གྱི་རིང་། བོད་ཀྱི་ཡུལ་སྐོར་ལས་རིགས་རིམ་བཞིན་དར་རྒྱུས་བྱུང་ནས“མི་ཉུང་ཤས་ཀྱིས་ལོངས་སྤྱོད་བྱེད་པ”ནས“དམངས་ཡོངས་ཀྱི་གདམ་གར”གྱུར་ཞིང་། དབྱར་མཚོ་རྒྱས་པ་ལྟར་བོད་ཀྱི་ཀ་རྟེན་ཐོན་ལས་སུ་འཕེལ་རྒྱས་ཕྱིན་ནས་བརྗིད་ཆགས་ཉམས་ལྡན་གྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།
བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་བཙུགས་པ།
“སྟོང་ཆ་གསབ་ནས་འབྱུང་འགྱུར་གཏོད་པའི་ལས་ལ་གཞོལ་བ”
“1983ལོར་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་སློབ་གྲྭས་གནས་གཏན་འཁེལ་གྱི་མངགས་བཅོལ་གསོ་སྦྱོང་ཁག་དང་པོ་གཉེར་ཏེ་མི་40བདམས་ནས་སྐབས་དེ་དུས་ཆེད་ལས་ཤེས་ལྡན་པ་དཀོན་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད”བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ(དེ་སྔའི་བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི)ཚེ་དབང་ཀུན་དགའི་སྐད་ཆ་ལས་ང་ཚོའི་དྲན་ཤེས་སུ་ལས་རིགས་འགོ་ཚུགས་པའི་ཐོག་མའི་དུས་ཀྱི་གནས་ཚུལ་རྣམས་གསལ་ལྷམ་མེར་འཆར་བྱུང་། སྐབས་དེ་དུས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་དང་བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི(བོད་ལྗོངས་ཡུལ་སྐོར་མ་འཇོག་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་སྔ་མིང)ནི་སྒོ་བྱང་གཉིས་དང་ལས་མི་ཚང་མ་གཅིག་གོ་གཉིས་ཆོད་ཡིན་པ་དང་། སྲིད་གཞུང་དང་ཁེ་ལས་ད་དུང་ལོགས་སུ་དབྱེ་མེད་པས་བོད་ལྗོངས་ཡུལ་སྐོར་ལས་རིགས་ཧྲིལ་པོའི་འཕེལ་རྒྱས་དེ་ཙམ་བྱུང་མེད།
བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་བཙུགས་པའི་ཐོག་མའི་དུས་ལ་ཕྱིར་དྲན་བྱེད་སྐབས། ཚེ་དབང་ཀུན་དགས“སྐབས་དེ་དུས་ལྗོངས་ཡོངས་སུ་ཡུལ་སྐོར་ལས་དོན་ཁང་ཁ་ཤས་ལས་མེད། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལྟ་བུའི་མཛེས་ལྗོངས་ཁུལ་གཙོ་བོར་ཆ་མཚོན་ན། ཆ་ཚང་ལ་ཚད་ལྡན་གྱི་འཆད་འགྲེལ་ཚིག་གཅིག་ཀྱང་མེད་ལ། སྐབས་དེ་དུས་ཀྱི་ཡུལ་སྐོར་བ་ཡང་མང་ཆེ་བ་ཕྱི་རྒྱལ་ནས་ཡོང་བ་ཤ་སྟག་རེད”ཅེས་བཤད།
བོད་ཀྱི་ཡུལ་སྐོར་ལས་གཉེར་པའི་དཔུང་ཁག་གི་གྲུབ་ཆ་དམིགས་བསལ་ཞིག་ཡིན་པ་ཚེ་དབང་ཀུན་དགའི་ཡིད་ལ་ད་ལྟའང་གསལ་པོར་དྲན་པ་སྟེ། “མང་ཆེ་བ་ཀྲུང་དབྱང་པུའུ་ཨུད་ཀྱི་བོད་སྐྱོར་ལས་བྱེད་པ་དང་ཕྱི་སྐད་ཀྱི་རྨང་གཞི་ཡོད་པའི་ས་གནས་དེ་གའི་རྐང་འཛིན་པ་ཡིན་པས་ཁོང་ཚོ་ཚང་མ་ནོར་བུ་ལྟ་བུ་རེད། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོགས་པ་དང་པོ་ཡག་པོ་འཁྲིད་ཆེད། ཁོང་གིས་མཚན་གང་གཉིད་མ་ཉལ་པར་འཆད་འགྲེལ་མ་ཟིན་ཤོག་གྲངས་20ལྷག་ཙམ་བྲིས་ཏེ་བློ་ལ་འཛིན་མྱོང་ཡོད། དཀའ་ངལ་དང་གནོན་ཤུགས་དེ་རིགས་ལ་ད་ལྟ་བསམ་བློ་བཏང་ནའང་སྔར་བཞིན་བག་ཆགས་ཟབ་མོ་འདུག འོན་ཀྱང་ང་ཚོ་ཚང་མས་སེམས་ཤུགས་ཀྱིས་ཁེངས་བཞིན་རང་ཉིད་ཀྱིས་སྒྲུབ་བཞིན་པ་ནི་སྟོང་ཆ་གསབ་པ་དང་འབྱུང་འགྱུར་གཏོད་པའི་བྱ་བ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་བཤད།
མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ།
“བོད་ཀྱི་ཡུལ་སྐོར་ལ‘ཁུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ཆོག་པའི’ཕུགས་འདུན་མངོན་འགྱུར་བྱུང་བ”
གལ་ཏེ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་དེ་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་རེ་བའི་ས་བོན་བཏབ་པ་ཞིག་ཡིན་ཚེ། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་དཔྱིད་ཀྱི་འབྲུག་སྒྲ་དང་འདྲ་བར་ཡུལ་སྐོར་གྱི་ས་རྒྱུ་གཤིན་པོ་གཉིས་ལས་སད་པར་བྱས་ཡོད།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་ལྗོངས་ཡུལ་སྐོར་མ་འཇོག་དང་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀོན་ཅན་ཅུན་གྱིས་གནད་དོན་དེའི་སྐོར་གླེང་སྐབས་ཁོང་གི་མིག་ཟུང་ནས་འོད་མདངས་འཚེར་ཞིང་། ཁོང་གིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་དངོས་སུ་བརྒྱུད་མྱོང་བ་མ་ཟད། དེ་དང་ཆབས་ཅིག་ཏུ་བྱུང་བའི་འཕོ་འགྱུར་ཆེན་པོ་ཡང་ཉམས་སུ་མྱངས་ཡོད།
དེ་བས་གཏིང་ཟབ་པའི་འགྱུར་ལྡོག་ནི་ལམ་ཐིག་སྣུར་སྲིང་དང་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པའི་ཐོག་ནས་མངོན་ཞིང་། དེ་སྔའི་བོད་ཀྱི་ཡུལ་སྐོར་ནི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ཀྱི་ལྟེ་བའི་མཛེས་ལྗོངས་ཁུལ་འགའ་ཞིག་ལས་མེད། ཀོན་ཅན་ཅུན་གྱིས“མེ་འཁོར་ཤར་གཏོང་ཐུབ་རྗེས་ལམ་ཐིག་མགྱོགས་མྱུར་སྣུར་སྲིང་བྱས་ནས་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཉིང་ཁྲི་དང་། མངའ་རིས་ཀྱི་གངས་རིན་པོ་ཆེ་དང་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ། ཉིང་ཁྲི་དང་ཆབ་མདོའི་གནས་སྟོད་འཁྱགས་རོམ་དང་། ལ་སྒོ་འཁྱགས་རོམ། སྨར་ཁམས་ཀྱི་ཚྭ་ཁ་ལྷོ། ནག་ཆུའི་གླང་ཆེན་གནམ་སྒོ་དང་བོད་བྱང་ཐང་བཅས་ལས་ཁུལ་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་ཆོག་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད”ཅེས་བཤད།
“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་བཏོན་པ།
“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ་དེས་བོད་ཀྱི་ཡུལ་སྐོར་ལ་གསོན་ཤུགས་གསར་པ་སྦྱིན་པ”
ས་མཐོའི་ཡུལ་སྐོར་ནི་ནམ་ཡང་ཉི་འོད་རབ་ཏུ་འཚེར་བ་ཞིག་མིན། འོན་ཀྱང་ཆ་རྐྱེན་ཞན་པའི་རང་བྱུང་ཁོར་ཡུག་གིས་དེར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཡོད་ལ། དགུན་དུས་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡོད།
“སྔོན་ཆད་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཚར་རྗེས། ཡུལ་སྐོར་ལས་དོན་ཁང་མང་ཆེ་བས་སྤྱིའི་ཆ་ནས་སྒོ་རྒྱག་པའི་གྲ་སྒྲིག་བྱེད་ཀྱི་ཡོད”
དུས་ཚིགས་ཀྱི་འཆིང་རྒྱ་ལས་སྒྲོལ་ཆེད། སྲིད་གཞུང་དང་ཁེ་ལས་ཚང་མས་ཧུར་ཐག་འབད་ཐག་གིས་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཤིང་། 2018ལོར་བོད་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཁྲོམ་རར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་། དེ་སྔ་ལག་བསྟར་བྱེད་མྱོང་མེད་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་ལས་བྱེད་སྒོ་ཁག་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ལོ་དེའི་ཟླ་དང་པོ་ནས་ཟླ་བཞི་པའི་བར། བོད་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་63.5%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་35ལས་བརྒལ་ནས་དུས་མཚུངས་ལས་62.8%འཕར་ཡོད།
“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་བཏོན་པ་དང་སྦྲགས། སྐད་གྲགས་ཇེ་ཆེར་ཕྱིན་ནས་བོད་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་དགུན་དུས་ཡུལ་སྐོར་གྱི་རྣམ་གྲངས་བཏོན་པ་སྟེ། ལྷ་སའི“བོད་ཀྱི་ལོ་གསར”ནས་ཉིང་ཁྲིའི“ཀོང་པོའི་ལོ་གསར”བར་དང་དེ་ནས་ཆབ་མདོའི་ཡིད་འོང་འཁྱགས་རོམ་བར། ཡུལ་སྐོར་བ་ཚོས་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་རིན་གོང་ལོངས་སུ་སྤྱད་པ་མ་ཟད། དབྱར་དུས་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཀྱང་མྱོང་རོལ་ཐུབ་ཡོད།
“ཡུལ་སྐོར་མཛེས་ལྗོངས་དང་ནང་དོན”གྱི་གཏམ་རྒྱུད་ཡག་པོ་བཤད་པ།
“བོད་ཀྱི་ཡུལ་སྐོར་ལ་ཕྱིའི་མཛེས་པ་ཙམ་མ་ཟད། ད་དུང་ནང་གི་སྙིང་པོ་ཡང་ཟབ་མོ་ལྡན་ཡོད”
དུས་ཚོད་ནི་དྲག་ཏུ་རྒྱུག་པའི་ཆུ་མོ་བཞིན་ཧ་ཅང་འགྲོ་མགྱོགས་ཤིང་། ཡུལ་སྐོར་ལས་དོན་ལ་ཡུད་ཙམ་ཞིག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ཚེ་དབང་ཀུན་དགས་རང་ཉིད་ཀྱི་ཐོབ་ཐང་ལ་དེ་བས་ངོས་འཛིན་གཏིང་ཟབ་བྱུང་ཡོད་དེ། “ང་ཚོ་མི་རབས་འདིར་སོ་སོའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། སྔོན་མ་ང་ཚོ་ཕལ་ཆེ་བ‘སྣེ་ལེན་ཞུ་མཁན’ཡིན་པས། ཡུལ་སྐོར་བར་ཞབས་འདེགས་ཡག་པོ་ཞུ་བ་དང་འགྲུལ་བཞུད་བཀོད་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ང་ཚོ‘རིག་གནས་ཁྱབ་སྤེལ་གཏོང་མཁན’ཤ་སྟག་རེད། བོད་ཀྱི་ཡུལ་སྐོར་ལ་ཕྱིའི་མཛེས་པ་ཁོ་ན་ཙམ་གྱིས་མི་ཆོག་པར། ནང་གི་སྙིང་པོ་དེ་བས་ལྡན་དགོས། ང་ཚོས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་ཡུལ་སྐོར་བ་འདི་གར་ཡུལ་སྐོར་བྱེད་རིང་སྣང་བ་སྐྱིད་པོ་ཡོང་བ་དང་བག་ཆགས་ཡག་པོས་ལོག་ཐུབ་པར་བྱེད་དགོས”ཞེས་བཤད།
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་ཚིགས་གལ་ཆེན་ནས་ཕྱིར་མིག་བལྟས་ཚེ། བོད་ཀྱི་ཡུལ་སྐོར་ལས་རིགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། “1983ལོར་ཁག་དང་པོའི་ཆེད་ལས་ཤེས་ལྡན་པ་40གནས་གཏན་འཁེལ་གྱི་གསོ་སྐྱོང་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་གཏོད་འགོ་ཚུགས་པ་ནས་2006ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་སྟེ། ཡུལ་སྐོར་བྱེད་མཁན་གཙོ་བོ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ནས་ད་ཆ་རྒྱལ་ནང་གི་ཡུལ་སྐོར་བར་འགྱུར་ལྡོག་ཕྱིན་པའི་བར། དེ་ནས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱི་གཟིགས་སྐྱོང་འོག་དགུན་དུས་ཀྱང་བོད་ལ་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད་པའི་བར་གྱི་དུས་མཚམས་ཚང་མར། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་འབད་འཐབ་འདུས་ཡོད། ལྷག་པར་དུ། ཉེ་བའི་ལོ་ཤས་རིང་ང་ཚོས་དམངས་ཕན་སྲོག་ཤིང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས‘འདུ་འགོད་ཆེན་པོ་དགུ’ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།
གྲངས་གཞི་ལས་མངོན་པར། 2025ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3128.48ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.67%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་སྒོར་དུང་ཕྱུར་315.52ཟིན་པ་དེ་དུས་མཚུངས་ལས་10.18%འཕར་ཡོད།
སྤེན་པ།
ཟློས་གར་ཞིག་ལས་གྲོང་ཚོ་ཞིག་གི་རྣམ་པར་འགྱུར་ལྡོག་ཕྱིན་པ།
“ཚེ་མཆོག་གླིང་གྲོང་ཚོ་ནི་བུམ་པ་རིའི་འདབས་སུ་ཆགས་པ་དང་། འདི་གའི་ས་ཆ་མང་ཆེ་བ་ནི་གྲམ་ཐང་ཡིན་པས། སྔོན་ཆད་ང་ཚོའི་ཕ་མེས་ཚོས་ས་རྒོད་བསློགས་ནས་ཞོག་ཁོག་དང་ནས་འདེབས་ཀྱི་ཡོད། འོན་ཀྱང་དེས་ལྟོ་གོས་འཕྱིད་ཙམ་ལས་མེད”ཅེས་གྲོང་མི་སྤེན་པས་གསར་འགོད་པར་བཤད།
ཆུ་ངོགས་སུ་གློག་འོད་རབ་ཏུ་འཕྲོ་བ་ནས་བཟུང་ང་ཚོའི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས་སོང་། 2013ལོའི་ཟླ་བ་བརྒྱད་པར་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས། ཁྱོན་མ་དངུལ་སྒོར་དུང་ཕྱུར་12.72བཏང་བ་དང་ས་བཟུང་རྒྱ་ཁྱོན་མུའུ་290ཙམ་ཟིན་པའི་ཐང་སྡེར་འཁྲབ་ར་དེ་ནི་སྐབས་དེ་དུས་ཀྱི་ལྷ་སར་མཐོང་དཀོན་པ་ཞིག་རེད།
“ད་ལྟ་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པར་འཁྲབ་སྟོན་པ་800ལྷག་ཙམ་ཡོད་པ་ཧ་ལམ་ང་ཚོ་ཚེ་མཆོག་གླིང་གྲོང་ཚོའི་ཡུལ་མི་རེད”ཚེ་མཆོག་གླིང་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་རྒྱུ་བྱུང་ཡོད།
ཚེ་མཆོག་གླིང་གྲོང་ཚོར་འཆམ་འཆམ་བྱེད་སྐབས། མགྲོན་ཁང་དང་། ཟ་ཁང་། ལག་ཤེས་བཟོ་ཁང་། ཟློས་གར་ཁང་ཆུང་ངུ་། རིག་གནས་འགྲེམས་སྟོན་བར་མཐོངས་བཅས་ཡོད་ལ“བཟའ་བཏུང་དང་། ཞག་སྡོད། འགྲུལ་བཞུད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་གཞི་གཅིག་ཅན་གྱི་ཡུལ་སྐོར་འཁོར་འབྲེལ་ཞིག་ཚེ་མཆོག་གླིང་གྲོང་ཚོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་མཆིས། 1963ལོར་ལྷ་མོའི་རུ་ཁག་བཙུགས་པའི་གྲོང་ཚོ་དེར་ད་ཆ་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་སྒོ་བྱང་བཀལ་ཡོད་པ་དང་། ཐོན་ལས་གསུམ་པ་དེ་མེད་པ་ནས་རིམ་བཞིན་དར་རྒྱས་འགྲོ་འགོ་ཚུགས་ཡོད།
འུན་ཤིང་ཀོང་ཇོའི་གཏམ་རྒྱུད་མི་རབས་ནས་མི་རབས་བརྒྱུད་ལོ་ངོ་སྟོང་ཕྲག་དར་ཁྱབ་བྱུང་ཡོད་ལ། ད་ཆ་ཡུལ་མི་ཚོའི་གོམ་པ་རེ་རེ་དང་གླུ་སྐད་རེ་རེའི་ཁྲོད་དུ་གཏམ་རྒྱུད་འདི་ཡི་རྒྱུན་མཐུད་བཞིན་ཡོད།
སྐལ་བཟང་དབྱངས་ཅན།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ།
2023ལོའི་ཟླ་9པར། རྒྱལ་ཡོངས་ཡུལ་སྐོར་སྣེ་ཤན་འགྲན་བསྡུར་སྐབས་ལྔ་པའི་མཐའ་བསྡུར་ནང་རང་ལྗོངས་ཀྱི་བདམས་ཐོན་པ་སྐལ་བཟང་དབྱངས་ཅན་གྱིས་ཞུམ་མེད་ཀྱི་སྙིང་སྟོབས་དང་ཕྱོགས་གང་ཅིའི་ཐད་ཀྱི་འཇོན་ནུས་ཆེན་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པ་རྩེ་གྲ་བཅུའི་གྲས་སུ་ཚུད་པ་མ་ཟད། འགྲན་བསྡུར་ཆེ་མོའི་དངུལ་གྱི་བྱ་དགའ་ཡང་ཐོབ་ནས་འགྲན་བསྡུར་དེའི་ནང་རང་ལྗོངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་ནི་རང་ལྗོངས་ཀྱིས་ཡུལ་སྐོར་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་གྲུབ་འབྲས་གྲས་ཤིག་རེད།
1998ལོར་སྐྱེས་པའི་སྐལ་བཟང་དབྱངས་ཅན་2017ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ཡུལ་སྐོར་སྣེ་ཤན་པའི་ཆེད་ལས་སུ་སློབ་སྦྱོང་བྱས་ནས། ཡུལ་སྐོར་སྣེ་ཤན་པའི་འབྲེལ་ཡོད་ཤེས་བྱ་ཆ་ལག་ཚང་བའི་སྒོ་ནས་སློབ་སྦྱོང་བྱེད་འགོ་བརྩམས།
“སློབ་གྲྭ་ནས་ངས་ཆེད་ལས་ཀྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱ་མང་པོ་ཤེས་བྱུང་ལ། ད་དུང་ཡུལ་སྐོར་སྣེ་ཤན་པའི་འགན་འཁྲི་དང་ལས་འགན་ལ་ཡང་རྒྱུས་མངའ་ཟབ་མོ་བྱུང་། སློབ་གྲྭའི་སློབ་སྦྱོང་དང་འཚོ་བའི་འདས་དོན་མང་པོར་ཕྱིར་དྲན་བྱེད་བཞིན་སྐལ་བཟང་དབྱངས་ཅན་གྱིས“ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པའི་ངོས་ནས་ང་ལ་བོད་ཀྱི་མཛེས་སྡུག་དང་ཐུན་མོང་མ་ཡིན་པའི་རིག་གནས་འཛམ་གླིང་ལ་ངོ་སྤྲོད་བྱས་ནས་མི་དེ་བས་མང་བས་བོད་ལ་རྒྱུས་མངའ་ཡོང་བ་དང་བོད་ལ་དགའ་པོ་ཡོང་བའི་འོས་འགན་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ནས་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་སྟེ། གྲོང་ཁྱེར་དང་ས་གནས་ཁག་ཏུ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ་མང་པོ་སྔ་རྗེས་སུ་བཙུགས་པ་དང་། བོད་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་བ། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཆེད་ལས་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། བོད་ཀྱི་ཡུལ་སྐོར་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
འབྲེལ་ཡོད་གསར་འགྱུར།