སྐྱེ་ཁམས་འཆར་འགོད་གསར་དུ་བཏིང་། འཛམ་གླིང་ཡང་རྩེ་ལྗོན་པས་བཀླུབས།
ཉེ་ཆར། གསར་འགོད་པ་བཅར་འདྲི་ཚོགས་པ་དང་མཉམ་དུ་ས་མཐོའི་ལྗང་མདོག་ཁུལ་དུ་བསྐྱོད་ཅིང་། “འཛམ་གླིང་ཡང་རྩེའི་དྭངས་གསལ་མུ་ཏིག”ལྷ་ས་དང“རི་བོ་སྟོང་གི་རྩེ་མོ་དང་ཆུ་མོ་ཁྲི་ཡི་ཆུ་འགོ”མངའ་རིས་སུ་བསྐྱོད་དེ་གངས་ལྗོངས་ས་མཐོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་ལེའུ་གསར་རྐྱང་ཇི་ལྟར་བརྩམས་ཚུལ་འཚོལ་ཞིབ་བྱས་པ་རེད།
ས་མཐོའི་སྐྱེ་ཁམས་སྲུང་བཅད་བསྐྲུན་པ།
ལྷ་སའི་ལུང་གཞུང་བྱང་ཕྱོགས་ཀྱི་བྱང་རིའི་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོ་ཁུལ་དུ། གསར་འགོད་པར་ཉིས་སྟོང་ནང་སྐྱེས་ཀྱི་ལྟ་སྐུལ་དོ་དམ་པ་ཧྲུའུ་ཆི་ཞང་འཕྲད་པ་དང་ཁོང་གི་ངོ་གདོང་ཉི་མས་འཚིག་ནས་སྔོ་མདོག་ཏུ་གྱུར་ཞིང་། ཧྲུའུ་ཆི་ཞང་གིས། དེ་སྔ་ཡུན་ནན་ཞིང་ཆེན་གྱི་སློབ་ཆེན་ཞིག་ཏུ་ནགས་ལས་རིག་པའི་ཆེད་ལས་སྦྱངས་པ་དང་། 2022ལོར་སློབ་མཐར་ཕྱིན་རྗེས་ལྷ་སར་ལས་ཀ་བྱེད་པར་ཡོང་རྒྱུའི་གདམ་ག་བྱས།
ས་མཐོའི་ཐང་རྒོད་སྔོ་ལྗང་སྒྱུར་བཀོད་ཀྱི“ལྗང་མདོག་དོ་དམ་པ”ཞིག་ཡིན་པའི་ཧྲུའུ་ཆི་ཞང་གིས། ཞོགས་པའི་ཆུ་ཚོད་དགུ་པ་ནས་ཉིན་གང་གི་སྐོར་སྲུང་བྱེད་འགོ་བཙུགས་ཤིང་། བཟོ་པའི་རྒྱུན་གཏན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་ལ་འདེབས་འཛུགས་བྱས་པའི་སྡོང་པོ་སྐྱེ་འཚར་ཡག་པོ་ཡོང་བའི་འགན་ལེན་ཡང་བྱེད་དགོས་ཀྱི་ཡོད། ལོ་ལྟར་ཟླ་གསུམ་པ་བཞི་པའི་ཟླ་མཇུག་ཏུ་སླེབས་སྐབས། ལྷ་སར་དཔྱིད་ཉམས་ཡོངས་སུ་རྒྱས་པ་དང་ལྷོ་རི་བྱང་རིར་སྔོ་འགྱུར་ལས་གྲྭའི་ཤིང་འཛུགས་དུས་ཚིགས་འཆར་གྱི་ཡོད། མི་མེད་གནམ་གྲུས་གཏན་འཁེལ་བྱས་པའི་གནས་སུ་མ་བསྐྱལ་གོང་ཧྲུའུ་ཆི་ཞང་གིས་བཟོ་པས་སྡོང་པོའི་རྩ་བར་བཏུམས་པའི་འགྱིག་ཤོག་བཤུ་བར་ལྟ་སྐུལ་བྱེད་དགོས་པ་དང་། དེ་དག་རུབ་རུབ་བཟོས་ནས་མི་མེད་གནམ་གྲུས་རི་སྟེང་ནས་དབོར་གྱི་ཡོད།
བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་མིང་བྱང་ཞིག་རེད། ལས་གྲྭར་རིམ་དབྱེ་སྔོ་འགྱུར་གྱི་ཐབས་ཇུས་སྤྱད་པ་སྟེ། ས་བབ་མཐོ་ཚད་སྨི་3900མན་གྱི་སྡོང་ཐུང་དང་སྡོང་རིང་འདེབས་འཛུགས་བྱེད་སྐབས་ལོ་མ་ཕྲ་སྦོམ་མཉམ་བསྲེས་བྱེད་དགོས་ཤིང་། སྨི་3900ནས་4100བར་དུ་གཙོ་བོ་སྡོང་ཐུང་འདེབས་པ་དང་སྨི་4000ཡན་ལ་གཙོ་བོ་རི་རྒྱ་ནགས་གསོ་བྱེད་དགོས་ཀྱི་ཡོད་པ་རེད།
ཧྲུའུ་ཆི་ཞང་གིས་གསར་འགོད་པར“སྐྱ་ཐེར་ཐེར་གྱི་རི་དེ་དག་སྔོ་ཐིང་ཐིང་དུ་གྱུར་པ་དངོས་སུ་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་ཡོང་གི་འདུག” ལྷ་སར་ལས་ཀ་བྱེད་སྐབས་ཀྱི་ཐོབ་ཚོར་དེ་ཡོང་འབབ་ཐོག་ནས་མངོན་པ་ཙམ་མ་ཟད། བྱང་རིའི་རྩྭ་རྩི་ཤིང་རེ་རེའི་ཁྲོད་ནས་དེ་བས་མངོན་གྱི་ཡོད་ཅེས་བཤད།
ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ལྷ་སའི་ལྷ་ཞབས་གླིང་ཕྲན་དང་། ཉི་འོད་གླིང་ཕྲན། ཁྲེང་ཀོན་ཆུས་ཀྱི་ལྷོ་ངོས་བཅས་སུ་སྔོ་ལྗང་ཡོངས་སུ་ཁྱབ་ནས་སྤྱི་ལེ་4.1གི་ཆུ་ངོགས་ཀྱག་ཀྱོག་ཏུ་ས་མཐོའི་ཆུའི་མ་ལག་གི་སྐྱེ་སྟོབས་བསྐྱར་དུ་མངོན་ཡོད།
སྔོ་ལྗང་དེ་དག་བསྐྲུན་པ་ལས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ས་མཐོའི་སྐྱེ་དངོས་ཀྱང་རིམ་བཞིན་ཇེ་མང་དུ་སོང་ཞིང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་མིག་དམར་བསམ་གྲུབ་ཀྱིས་གསར་འགོད་པར“ཆུ་སྐྱར་མཆུ་དམར་དང་། ངུར་པ། ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་མ་ཟད། གཙང་འགྲམ་དང་ཐག་ཉེ་ས་ནས་ད་དུང་ལྷ་སའི་ཉ་ཁྱུ་མང་པོ་མཐོང་རྒྱུའང་འདུག”ཅེས་བཤད།
ཐོན་ལས་ཀྱི་ལྗང་མདོག་འཕར་རྩ་སྟངས་འཛིན་ཐུབ་པ།
མངའ་རིས་རུ་ཐོག་རྫོང་རེ་ཅོ་གྲོང་ཚོའི་མཚོ་མོ་ངང་ལ་རིང་མོའི་མཚོ་འགྲམ་དུ་མཚེའུ་མིང་ལ་བཏགས་པའི་དམིགས་བསལ་གྱི་རྩི་ཤིང་མཚོ་མོ་ངང་ལའི་རྒྱ་ལྕང་ཟེར་བ་སྐྱེས་ཡོད། རེ་ཅོ་གྲོང་ཚོར་ཤིང་ལོ་200ལྷག་ཙམ་ཟིན་པའི་མཚོ་མོ་ངང་ལའི་རྒྱ་ལྕང་ཞིག་ཡོད་པར་བརྟེན་གྲོང་ཚོ་དེར“མཚོ་མོ་ངང་ལའི་རྒྱ་ལྕང་གི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད། ད་ཆ་ས་གནས་དེ་གས་མཚོ་མོ་ངང་ལའི་རྒྱ་ལྕང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་གྲོང་ཚོའི་མཚོ་མོ་ངང་ལའི་རྒྱ་ལྕང་གི་སྡོང་ཕྲུག་ར་བར་སྐྱོད་སྐབས། ཤིང་ལོ་3ནས་10བར་གྱི་མཚོ་མོ་ངང་ལའི་རྒྱ་ལྕང་སྟར་པ་རེ་རེ་བཞིན་སྐྱེ་འཚར་ཡག་པོ་ཡོད།
རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ལྷ་མོ་ཚེ་རིང་གིས“དེ་ནི་དཔལ་འབྱོར་ནགས་ཚལ་དང་། འགོག་སྲུང་ནགས་ཚལ། སྐྱེ་ཁམས་ནགས་ཚལ་བཅས་རེད”ཅེས་ཕྱིར་དྲན་བྱས་པ་དང་། སྡོང་ཕྲུག་ར་བ་མ་བསྐྲུན་གོང་རླུང་བུ་ལྡང་ཚེ་བྱེ་སེར་གང་སར་ཁྱེར་ནས་ས་གནས་དེ་གའི་གྲོང་མིར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད། དེས་ན་སྡོང་ཕྲུག་ར་བ་བསྐྲུན་རྗེས། མཚོ་མོ་ངང་ལའི་རྒྱ་ལྕང་གི་ནགས་ཚལ་གྱིས་རླུང་འགོག་བྱེ་བརྟན་དང་གནམ་གཤིས་སྙོམས་སྒྲིག་གི་ནུས་པ་ཐོན་ཡོད།
“ལི་སྨི་30ལས་མེད་པའི་སྡོང་ཕྲུག་དེའི་རིན་གོང་སྒོར་3ཡིན་མོད། སྤོ་འཛུགས་བྱས་རྗེས་གསོན་ཚད་90%ལྷག་ཙམ་ཟིན་པས་སྡོང་ཕྲུག་ཆུང་ཆུང་འདིར་མཐོང་ཆུང་གཏན་ནས་བྱེད་མི་རུང”ཞེས་ལྷ་མོ་ཚེ་རིང་གིས་བཤད།
ལྷ་མོ་ཚེ་རིང་གིས་གསར་འགོད་པར་བོད་ཀྱི་ནག་ཆུ་དང་གཞིས་རྩེ་དང་དེ་བཞིན་ཤིན་ཅང་ནི་སྡོང་ཕྲུག་ཕྱིར་ཚོང་བྱ་ཡུལ་གཙོ་བོ་ཡིན་པ་དང་། རིམ་རྩིས་བརྒྱབ་ན། ཉེ་བའི་ལོ་འགའི་རིང་རེ་ཅོ་གྲོང་ཚོའི་མཚོ་མོ་ངང་ལའི་རྒྱ་ལྕང་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་གྲོང་མིར་ལོ་ལྟར་མི་རེར་ཆ་སྙོམས་བགོ་འགྲེམས་བརྒྱབ་པ་སྒོར་3000ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད།
ཆར་པ་ཆད་ནས་གནམ་དྭངས་སྐབས། མངའ་རིས་འོམ་བུ་དྭངས་བསངས་ཤང་གཤགས་མ་གྲོང་ཚོའི་མི་ཐབས་རྩྭ་འདེབས་རྟེན་གཞིའི་བསྐྱར་དུ་བསྐྲུན་པའི་ཆུ་རྫིང་ནང་དུ་ཆུ་མང་པོ་འཁྱིལ་ཡོད་པས། གྲོང་མི་ཚོས་ཆུ་སྒོ་ཕྱེ་ནས་སྔོ་ཐིང་ཐིང་གི་ཡུག་མྱུག་ལ་ཆུ་གཏོང་གི་ཡོད།
འོམ་བུ་དྭངས་བསངས་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ནོར་གཡང་གིས། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ཚན་རྩལ་ཆེད་མངགས་པ་དང་མཐུན་སྦྱོར་བྱས་ནས་ཆུ་གཏོང་བ་དང་། ལུད་རྒྱག་པ། བརྔ་བསྡུ་བྱེད་པ་བཅས་ཀྱི་ལྷུ་ཚིགས་ཁག་ལ་མཛུབ་ཁྲིད་བྱས་པ་དང་། 2019ལོར་རྟེན་གཞི་དེས་ཡུག་པོ་བཏབ་པ་ནས་བཟུང་ཐོན་འབབ་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅེས་བཤད།
ཚན་རིག་དང་མཐུན་པའི་རྩྭ་འདེབས་རྟེན་གཞིར་བརྟེན་ནས། སྔོན་ཆད་གང་སར་བྱེ་རླུང་གིས་ཁེངས་པའི་ས་ཆ་དེ་ཡང་སྔོ་ལྗང་གིས་བརྒྱན་ནས་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་ཐུབ་ཡོད། མི་ཐབས་རྩྭ་འདེབས་ཐོན་ལས་ཀྱིས་འབྲོག་པར་དགུན་དུས་རྩྭ་དཀོན་པའི་དཀའ་གནད་སེལ་ཞིང་རྩྭ་ཐང་གི“ཁུར་པོ”ཡང་དུ་བཏང་བ་མ་ཟད། ཕྱུགས་བཀག་རྩྭ་སྙོལ་ཁུལ་གྱི་སྐྱེ་ཁམས་དམར་ཐིག་བསྲུངས་ནས། བྱེ་འཇགས་ས་སྲུང་དང་། ཆུ་རྩ་གསོ་འཁྱོངས་ཀྱང་ཐུབ་སྟེ་རྩྭ་ཐང་ལ་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཡོད།
ལོ་53ལ་སླེབས་པའི་གཤགས་མ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་སྐལ་ལྷུན་རྟེན་གཞི་དེར་ལས་ཀ་བྱས་ནས་ལོ་5ཕྱིན། ཁོང་གིས“རྟེན་གཞིའི་གཟན་རྩྭ་ཡོད་པས་གྲོང་ཚོར་ནོར་ལུག་སོགས་ཕྱུགས་རིགས་གཅིག་ཀྱང་ཤི་མེད”ཅེས་གསར་འགོད་པར་ན་ནིང་དགུན་ཁར་གངས་སྐྱོན་ཕོག་པའི་གནས་ཚུལ་ངོ་སྤྲོད་བྱས།
སྐལ་ལྷུན་གྱི་སྐུལ་ཁྲིད་འོག ཕྱུགས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་དུད་ཚང་80ལྷག་ཙམ་དང་གྲོང་མི་300ལྷག་ཙམ་ལ་མི་ཐབས་རྩྭ་འདེབས་རྟེན་གཞི་ནས་ཕན་པ་ཐོབ་ཡོད། “ཉེ་བའི་ལོ་ལྔའི་ནང་། ང་ཚོའི་ཤང་གི་མི་ཐབས་རྩྭ་འདེབས་ཐོན་ལས་ཀྱི་ཡོང་འབབ་སྒོར་ཁྲི་700ཟིན་པ་ལས་ཁེ་སྤོགས་སྒོར་ཁྲི་545བགོ་བཤའ་བརྒྱབ་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་དངོས་འབྲེལ་སྐྱོད་ཐུབ་ཡོད”ཅེས་ནོར་གཡང་གིས་བཤད།
གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོའི་ལོ་སྟོད་དུ། མངའ་རིས་ས་ཁུལ་གྱིས་སྡོང་ཕྲུག་ཕྱིར་ཚོང་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་1699.1རག་པ་མ་ཟད། ཐག་ཉེ་ས་དང་སྟབས་བདེ་སར“ལྗང་མདོག་དམངས་ཕྱུག”དང“ལྗང་མདོག་ལས་གནས་ལ་ལས་ཞུགས”ཐུབ་ནས། ལྗང་མདོག་ལ་བརྟེན་ནས་མི་དམངས་མང་ཚོགས་ལ“བདེ་སྐྱིད་ཀྱི་ལམ་བུ”བཏིང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།