སྐྱེ་ཁམས་བཟང་པོའི་བཀའ་དྲིན་ལས། ལྷོ་ཁའི་མང་ཚོགས་ཕྱུག་པོར་གྱུར།
དབྱར་ཁར། ཡར་ཀླུང་གཙང་འགྲམ་གྱི་གཞུང་ལམ་བརྒྱུད་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སྐྱོད་སྐབས། སྔོ་ལྗང་གི་ལྗོན་ཤིང་དང་། དྭངས་གཙང་གི་ཆུ་མོ། སྔོ་ཞིང་དྭངས་བའི་ནམ་མཁའ་བཅས་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ཞིང་། བར་ཐག་མི་རིང་བའི་སར་རང་འགུལ་ཆུ་གཏོར་སྒྲིག་ཆས་ཀྱིས་ལྗོན་ཤིང་ལ་ཆུ་རྒྱག་པ་དེའང་ལྟ་ན་སྡུག་པའི་གཞུ་རིས་རེ་རེར་སྣང་།
སྔོན་ཆད་དེ་གའི་གང་སར་བྱེ་མས་ཁེངས་པ་དང་། དགུན་དཔྱིད་རིང་བྱེ་རླུང་གིས་ཡུལ་ལུང་སྒྲིབ་ཀྱི་ཡོད། རྒན་རྒོན་ཚོའི་དྲན་ཤེས་ལྟར་ན། བཏབ་ཟིན་པའི་ལོ་ཏོག་རྟག་ཏུ་བྱེ་མས་བསྣུབས་པའམ་ཡང་ན་རླུང་ཆེན་གྱིས་ཁུར་གྱི་ཡོད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ལྷོད་མེད་ངང་བྱེ་བཅོས་བྱས་མཐར། སྐྱེ་ཁམས་ཡག་ཏུ་སོང་བ་མ་ཟད། དེ་ནི་ཡུལ་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་མཆོག་ཅིག་ཏུའང་གྱུར་ཡོད།
བྱེ་སར་ལེགས་བཅོས་བྱས་ཏེ་ཤིང་འབྲས་བཏབ་པ།
གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་དེང་རབས་ཀྱི་དྲོད་ཁང་ཆེན་པོའི་ནང་ཧ་ལམ་མི་ཚད་གཅིག་ཙམ་གྱི་སྨྱུག་རྩ་བྱེ་སར་སྐྱེ་འཚར་ཡག་པོ་བྱུང་ཡོད།
དེ་གར་སྨྱུག་རྩ་སྐྱེ་འཚར་ཡག་པོ་དེ་འདྲ་ཡོང་དོན་གང་ཡིན་ནམ། དེ་ནི་སྤྱིར་བཏང་གི་བྱེ་ས་ཞིག་མིན་པར། དྲོད་ཁང་ཆེན་པོ་གཉེར་མཁན་ལུའི་ཀྲི་ཡོན་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ལྕི་བ་དང་རིལ་མ་སྤྱད་དེ་བྱེ་སའི་ས་རྒྱུར་ལེགས་བཅོས་དང་། ལོ་མང་རིང་རྨོ་འདེབས་ཞིབ་ཚགས་བྱས་པ་བརྒྱུད། བྱེ་ས་དག་ལོ་ཏོག་སྐྱེ་འཚར་ལ་འཚམ་པའི་ས་རྒྱུ་གཤིན་པོར་གྱུར་ཡོད།
ཀུང་སིའི་བོད་ལྗོངས་ལས་དོན་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ཡུས་ཡིང་གིས། མིག་སྔར་བྱེ་ས་མུའུ་1200ལྷག་ཙམ་ལ་ལེགས་བཅོས་བྱས་ནས་རིག་ནུས་ཤེལ་ལེབ་དྲོད་ཁང་དང་སྟར་འབྲེལ་དྲོད་ཁང་18དང་ཤིང་འབྲས་དྲོད་ཁང་20བསྐྲུན་ཞིང་། བོད་དུ་འདེབས་པར་འཚམ་པའི་སྨྱུག་རྩ་དང་། ཀྭ་རིགས། སོ་ལོ་སོགས་སྔོ་ཚལ་སྣ་ཁ་མང་པོ་བཏབ་ཡོད།
ཀུང་སི་སྟོབས་ཆེར་ཕྱིན་པ་དང་བསྟུན་ཏེ་མཐའ་འཁོར་གྱི་ཡུལ་མིས་སྒོ་རྩར་ལས་ཀ་བྱས་ནས་ཡོང་འབབ་གསོག་ཐུབ་ཡོད། ཡུལ་མི་སྒྲོལ་མ་ཀུང་སིར་ལས་ཀ་བྱེད་པར་ཡོང་རྗེས། ལག་རྩལ་པ་དང་མཉམ་དུ་མྱུག་གསོ་དང་། འདེབས་འཛུགས། ཤིང་འབྲས་འཐུ་བ་སོགས་ཀྱི་ལག་རྩལ་སྦྱངས་པ་བརྒྱུད་ད་ལྟ་གཙོ་གཉེར་བ་ཞིག་ཏུ་གྱུར་ཞིང་། ཁོང་གིས“ཐག་ཉེ་སར་ལས་ཀ་བྱས་ཚེ་ཡོང་འབབ་གསོག་ཐུབ་པའི་ཁར་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་ཀྱི་འདུག”ཅེས་བཤད།
“ཉིན་རེར་ལས་མི་50ལྷག་ཙམ་གྱིས་དྲོད་ཁང་དུ་ལས་ཀ་བྱེད་པ་དང་། ང་ཚོས་ས་གནས་དེ་གའི་ཞིང་དུད་380ཡི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པར། ཁྱིམ་དུད་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཟིན་གྱི་ཡོད”ཅེས་ཡུས་ཡིང་གིས་བཤད་པ་དང་། ཀུང་སིས་མུ་མཐུད་བྱེ་ས་ལེགས་བཅོས་བྱས་ནས་ལྗང་མདོག་འཕེལ་རྒྱས་བཏང་སྟེ་མང་ཚོགས་དེ་བས་མང་བར་ཕན་འདོགས་རྒྱུ་རེད།
སོན་བཟང་ནང་འདྲེན་བྱས་ཏེ་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་བཏང་བ།
གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོས་མུའུ་4000ཟིན་པའི་སྡོང་ཐུང་ཀུ་ཤུའི་རྟེན་གཞིར་ཀུ་ཤུ་དམར་ཐིང་ངེར་བཏགས་ནས་དྲི་ཞིམ་གང་སར་འཐུལ་བཞིན་མཆིས།
ལོ་བཞི་ཡི་གོང་དུ་བྱེ་འགོག་བྱེ་བཅོས་བྱ་ཆེད། གྲ་ནང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་5.45བཏང་ནས་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོ་དང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོར་ལུང་གཞུང་གི་བྱེ་སར་སྐྱེ་འཚར་ལ་འཚམ་པའི་སྡོང་ཐུང་ཀུ་ཤུ་ནང་འདྲེན་བྱས་ཏེ་ཁྱོན་མུའུ་ཁྲི་ལྷག་ཙམ་བཏབ་པ་རེད།
“དེ་གར་གནམ་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་ཅིང་། སྨུག་ཕྱིའི་འོད་ཟེར་ཆེ་བས་ཀུ་ཤུའི་མདོག་དང་མངར་ཆ་འདུས་ཚད་ཧ་ཅང་མཐོ་པོ་ཡོད་སྟབས་ཞིང་སྨན་གཏོར་དགོས་ཀྱི་མེད”ཅེས་གྲ་ནང་རྫོང་འབྲུ་སྣུམ་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཧྲི་དབྱིན་གྱིས་ངོ་སྤྲོད་བྱས་པ་དང་། ཀུ་ཤུ་ཁྲོམ་རར་བཏོན་རྗེས་དགའ་བསུ་ཆེན་པོ་ཐོབ་སྟེ། ས་གནས་དེ་གར་30%དང་ལྗོངས་ཕྱི་རོལ་དུ་40%ཕྱིར་ཚོང་བྱེད་པ་ཕུད། ད་དུང་ཕྱི་རྒྱལ་དུ་30%ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
ཀུ་ཤུའི་ཐོན་འབབ་མང་དུ་སོང་བ་དང་བསྟུན་ནས་ཡུལ་མིའི་འཚོ་བའང་ཇེ་ཡག་ཏུ་སོང་ཞིང་། ལས་མི་སྤྱོད་མང་བའི་སྐབས་སུ། རྣམ་སྲས་གླིང་གྲོང་ཚོར་ལས་ཀ་བྱེད་མཁན་ཡུལ་མི་400ལྷག་ཙམ་ཟིན་གྱི་ཡོད། ལི་ཧྲི་དབྱིན་གྱིས“མི་རེར་ཉིན་རེར་གླ་ཆ་སྒོར་190ཡོད་པ་དང་ཕལ་ཆེར་གྲོང་ཚོའི་ཁྱིམ་ཚང་ཚང་མ་ནས་འདིར་ལས་ཀ་བྱེད་པར་ཡོང་མཁན་ཡོད”ཅེས་བཤད།
བསོད་ནམས་རིག་འཛིན་ཅང་སུའུ་ནན་ཅིང་གི་ཅིན་ལིན་ཚན་རྩལ་སློབ་གླིང་ནས་མཐར་ཕྱིན་རྗེས། ཕ་ཡུལ་དུ་ལོག་སྟེ་བཅའ་སྡོད་ལག་རྩལ་པའི་གམ་ནས་འབྲས་ཞིང་གི་གཡོག་བྱེད་བྱེད་སྟངས་སྦྱངས་པ་དང་། ཁོང་གིས“ང་ཕ་ཡུལ་དུ་ལོག་དོན་ནི་དེ་གའི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པ་མ་ཟད། ད་དུང་ནང་མིར་ལྟ་རྟོག་ཡག་པོ་བྱེད་ཐུབ་པས་ཡིན”ཞེས་བཤད།
མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་སྡོང་ཐུང་ཀུ་ཤུའི་འདེབས་ཁྱོན་མུའུ་ཁྲི་3ཙམ་ཡོད་པ་དེའི་ལོ་རེའི་ཐོན་འབབ་ཏུན་3000ཙམ་ཟིན་ནས། རྫོང་གསུམ་གྱི་ཤིང་འབྲས་འདེབས་མཁན་ཞིང་པ་600ལྷག་ཙམ་གྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། “ལོ་འདབ་རྒྱས་ནས་ལྗང་ཐིང་ངེར་ཡོད་པའི་འབྲས་ཤིང་འདི་དག་ནི་ས་ཆ་འདིའི་ནོར་བུ་ལྟ་བུ་ཡིན”ཞེས་གྲ་ནང་རྫོང་འབྲུ་སྣུམ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལྷག་བཟང་གིས་མྱོང་ཚོར་ཟབ་མོས་བཤད།
ཤིང་འཛུགས་ནགས་བཟོ་བྱས་པས་ལུང་གཞུང་སྔོ་ཐིང་ཐིང་དུ་གྱུར་པ།
དུས་རབས་གོང་མའི་ལོ་རབས་ཡི་60ནང་། ལྷུན་རྩེ་རྫོང་ལྷུན་རྩེ་ལུང་གཞུང་དུ“འགུལ་ཙམ་བྱས་ནའང་ཐལ་རྡུལ་གྱིས་ཁེངས་ཀྱི་རེད”ཅེས་ཤོད་སྲོལ་ཡོད་པ་བཞིན། སྐབས་དེ་དུས་འདི་གར་ལོ་གཅིག་ནང་ཟླ་བ་བརྒྱད་ཙམ་བྱེ་རླུང་ལྡང་ནས་གང་སར་བྱེ་རྡུལ་གྱིས་ཁེངས་ཀྱི་ཡོད་པ་རེད།
1964ལོར། སྐབས་དེ་དུས་ཀྱི་ལྷུན་རྩེ་རྫོང་ཞིང་པ་ཤང་གི་ཤང་ཀྲང་ལྷ་འཛོམས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་རྒྱ་ལྕང་དང་། སྦྱར་པ། གླ་ཚེར་སོགས་སྡོང་ཕྲུག་སྣ་ཁ་5ཚོད་ལྟ་བྱས་ནས་བཙུགས་ཀྱང་མཐར་གླ་ཚེར་མ་གཏོགས་གཞན་གསོན་མེད། 1965ལོ་ནས་བཟུང་། ལྷུན་རྩེ་རྫོང་གིས་གླ་ཚེར་འདེབས་འཛུགས་ཁྱབ་གདལ་བཏང་ཞིང་། ལོ་ངོ་60རིང་ལྷུན་རྩེ་ལུང་གཞུང་དུ་རིང་ཚད་ལ་སྤྱི་ལེ་40ལྷག་དང་ས་ཁྱོན་སྤྱི་ལེ་ངོས་གྲུ་50ལྷག་ཟིན་པའི་གླ་ཚེར་གྱི་ནགས་ཚལ་བསྐྲུན་པ་དེར“འཛམ་གླིང་གི་མིས་བཟོས་ཡུག་འབྲེལ་གླ་ཚེར་ནགས་ཚལ་ཆེ་ཤོས”ཞེས་བསྔགས་བརྗོད་ཐོབ་ནས་བཀྲག་མདངས་འཚེར་བའི་སྐྱེ་ཁམས་མིང་བྱང་ཞིག་ཏུ་གྱུར་ཡོད།
ད་ལྟའི་ལྷུན་རྩེ་ལུང་གཞུང་དུ་ལྷུང་ལྷུང་བཞུར་བའི་དྭངས་གཙང་ཆུ་མོའི་འགྲམ་ན་གླ་ཚེར་གྱི་ནགས་ཚལ་སྟུག་པོར་སྐྱེས་ཤིང་ངོགས་གཉིས་ཀྱི་ནས་ཞིང་སྔོ་ཐིང་ངེར་གནས།
“ལོ་རེའི་ཟླ་གསུམ་པ་བཞི་པའི་ནང་། ང་ཚོས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་འཛུགས་བྱེད་ཀྱི་ཡོད” ཉེ་བའི་ལོ་གསུམ་ནང་། ལྷུན་རྩེ་རྫོང་དུ་གླ་ཚེར་གྱི་ནགས་ཚལ་མུའུ་6000ལྷག་མང་དུ་ཕྱིན་ནས་གླ་ཚེར་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་8.2ཟིན་ཡོད་ཅེས་ལྷུན་རྩེ་རྫོང་གི་རྫོང་དཔོན་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས།
ཤིང་སྡོང་མང་དུ་ཕྱིན་པས་བྱེ་མ་ཉུང་དུ་ཕྱིན་པ་དང་སྦྲགས་ཞིང་པའི་ལོ་ཏོག་སྐྱེ་འཚར་ཡང་ཡག་ཏུ་ཕྱིན་སོང་། དེ་སྔའི་བྱེ་ས་ད་ཆ་གཤིན་སར་གྱུར་ཏེ་ནས་ནག་གི་ཐོན་འབབ་དེ་སྔའི་མུའུ་རེར་རྒྱ་མ་300ལྷག་ནས་ད་ལྟའི་རྒྱ་མ་650བར་མཐོ་རུ་ཕྱིན་ཏེ་ལོའི་ཐོན་འབབ་ཏུན་ཁྲི་1.4ཡན་ཟིན་གྱི་ཡོད་པ་རེད།
སྐྱེ་ཁམས་བཟང་པོ་དེ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ཁ་འབྲལ་ཐབས་མེད། སྟོབས་རྒྱལ་ནི་ལྷུན་རྩེ་ལུང་གཞུང་གི་ནགས་སྲུང་བ་1500ལྷག་གི་གྲས་ཤིག་ཡིན་ལ་གླ་ཚེར་གྱི་ནགས་ཚལ་སྲུང་སྐྱོང་བྱས་ནས་ལོ་22ཕྱིན་ཞིང་། ཤིང་སྡོང་ལ་ཆུ་རྒྱག་པ་དང་། ནད་འབུ་འགོག་བཅོས། ནགས་ཚལ་མེ་ཟོན་སོགས་གཟའ་འཁོར་རེར་སྐོར་སྲུང་ཐེངས་རེ་བྱེད་དགོས་ལ་འགྲོ་ཐེངས་རེར་ཆུ་ཚོད་ལྔ་ཙམ་འགོར་གྱི་ཡོད། ལོ་འདི་དག་རིང་། སྟོབས་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དངོས་སུ་མཐོང་བས། རྟག་ཏུ“གླ་ཚེར་གྱི་ལྗང་མྱུག་སྲུང་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས”ཞེས་བརྗོད་ཀྱི་ཡོད། “གཞོན་ནུ་ཚོས་ནགས་ཚལ་དང་རྩྭའི་ཐོན་ཁུངས་མུ་མཐུད་སྲུང་སྐྱོང་དོ་དམ་ཡག་པོ་བྱས་ནས་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད”ཅེས་བརྗོད།
སྐྱེ་ཁམས་བཟང་པོ་དང་མཛེས་ལྗོངས་བཟང་པོ་ཇི་ལྟར་བྱས་ནས་ཡོང་འབབ་ཏུ་བསྒྱུར་དགོས་ཤེ་ན། པ་སངས་ཚེ་རིང་གིས། ལྷུན་རྩེ་རྫོང་གིས་གླ་ཚེར་གྱི་ཐོན་ལས་འཁོར་འབྲེལ་དེ་འཕྲོད་སྦྱོར་ཐོན་རྫས་དང་། སྨན་རྫས། མཛེས་རྫས་སོགས་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་གི་ཡོད། དེ་དང་ཆབས་ཅིག ནས་ནག་དང་། བོད་ཕག་ནག་པོ། བོད་བྱ་ནག་པོ། བཞོན་མ་ནག་ཁྲ་བཅས“ནག་པོ་བཞིའི”ཐོན་ལས་སྐྱེད་སྲིང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
“ང་ཚོས‘ནག་པོ་བཞིའི’ཐོན་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་ཡུལ་སྐོར་བ་ཚོས་གླ་ཚེར་གྱི་ནགས་ཚལ་ལ་བལྟ་ཐུབ་པ་དང་། མཐའ་མཚམས་སྐོར་གཡེང་ལམ་དུ་སྐྱོད་ཐུབ་པར་བྱ་རྒྱུ་མ་ཟད། ད་དུང་ནས་ནག་རྩམ་པ་འཐག་སྟངས་ཡུལ་སྐོར་བས་དངོས་སུ་ཉམས་ལེན་དང་བོད་ཕག་ནག་པོའི་ཤ་བསྲེགས་མ་ཟ་ཐུབ་པར་བྱས་ནས། སྐྱེ་ཁམས་བཟང་པོས་ས་མཐོར་མཛེས་རྒྱན་སྤྲོས་པ་དང་ཆབས་ཅིག མི་སེར་ལ་ཡོང་འབབ་ཀྱང་གསོག་ཐུབ་པར་བྱེད་ཀྱི་ཡིན”ཞེས་པ་སངས་ཚེ་རིང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།