དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཟླ་བ་དང་པོ་ནས་དྲུག་པའི་བར་མཚོ་བོད་ཚོགས་པ་ཀུང་སིས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་75བཏང་བ།

    དུས་མཚུངས་ལས་275%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-10

    ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་ཐེངས་75བཏང་བ་དེ་2024ལོའི་དུས་མཚུངས་ལས་275%འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་དུ། མཚོ་བོད་ཚོགས་པ་ཀུང་སིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”དང“ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན”སོགས་ཡུལ་སྐོར་བ་མང་བའི་དུས་ཚོད་དང་ཟུང་འབྲེལ་བྱས་ཏེ། ཟི་ལིང་ནས་གོར་མོ་དང་དེ་ནས་ཏུན་ཧོང་བར་དང་། ཟི་ལིང་ནས་ལན་ཤིན་ལྕགས་ལམ་བརྒྱུད་ཤིན་ཅང་བར། ཟི་ལིང་ནས་གོར་ཁུའུ་ལྕགས་ལམ་བརྒྱུད་ཤིན་ཅང་བར། ཟི་ལིང་ནས་བོད་ལྗོངས་བར་བཅས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་ཇུས་འགོད་བྱས་ཡོད། དེ་དང་ཆབས་ཅིག ཟི་ལིང་ནས་མང་ཡ་བར་དང་ཟི་ལིང་ནས་ཉིང་ཁྲི་བར་གྱི་ཡུལ་སྐོར་མེ་འཁོར་གསར་དུ་གཏོང་འགོ་ཚུགས་ཡོད། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་2ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    ཡུལ་སྐོར་བ་སྐྱེལ་འདྲེན་བྱས་པའི་གྲངས་གཞིའི་ནང་རྒན་རྒོན་ཚོགས་སྤྱིས་70%ལྷག་ཙམ་ཟིན་ཞིང་། དེར་བརྟེན་འབྲེལ་ཡོད་ཆེད་གཏོང་མེ་འཁོར་གྱི་ཞབས་ཞུ་དང་ཉམས་ལེན་ཐད“རྒན་མཁོ་ཅན”རིམ་སྤོར་བྱས་ཡོད། “ཡུལ་སྐོར་སྣེ་ཤན་པ་དང་། སྨན་གཡོག འགྲུལ་ཞབས”བཅས་ཀྱི་ཆེད་ལས་ཚོགས་པ་བཙུགས་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། རིག་གནས་འགྲེལ་བཤད། འཕྲལ་སྡོམ་འགན་སྲུང་སོགས་བརྒྱུད་རིམ་ཡོངས་ཀྱི“རོགས་པའི་རྣམ་པའི”ཞབས་ཞུ་བསྒྲུབས་ནས་འགྲུལ་པ་དར་མ་དང་རྒན་རྒོན་བདེ་འཇཌ་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་བ་མེ་འཁོར་ལ་སྡོད་པའི་ཉམས་ལེན་མུ་མཐུད་ཟབ་ཏུ་གཏོང་ཆེད། ལས་དོན་མི་སྣས་ད་དུང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“མངོན་མིན་རིག་གནས་ཤུལ་བཞག”བྱེད་སྒོ་བཀོད་སྒྲིག་བྱས་པ་མ་ཟད་ས་གནས་དེ་གའི་ཁྱད་ལྡན་ཞིམ་ཟས་ཀྱང་གྲ་སྒྲིག་བྱས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་དུ་ཡུལ་སྐོར་ཆེད་གཏོང་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་22བཏང་ནས་ཡུལ་སྐོར་བ་8661ལ་ཞབས་འདེགས་ཞུས་པའི་ནང་རྒན་རྒོན་6000ཡོད་པ་དང་། བོད་དུ་བཏང་བའི་ཆེད་གཏོང་མེ་འཁོར་གྱི་གྲངས་འབོར་དང་ཞབས་འདེགས་ཞུས་པའི་ཡུལ་སྐོར་བའི་གྲངས་འབོར་གཉིས་ཀར་ལོ་ལྔའི་རིང་གི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།