གངས་རིན་པོ་ཆེའི་འདབས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་།
གངས་རིན་པོ་ཆེའི་འདབས་ཀྱི་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་དུ་གནས་ཡོད།
དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ལྟེ་བའི་སྲང་ལམ་ནས་ལྷོ་ཕྱོགས་ལ་བལྟས་ཚེ། ལོ་མང་ཁ་བས་བཀླུབས་པའི་རི་བོ་གནས་མོ་སྣ་གཉིས་མཐོང་ཐུབ། རླངས་འཁོར་ལ་བསྡད་དེ་སྤྱི་ལེ་30ཙམ་བསྐྱོད་ཚེ། གནམ་སྔོན་པོ་ཐང་ལ་ལྷུང་བ་དང་གཉིས་སུ་མ་མཆིས་པའི་མ་ཕམ་གཡུ་མཚོར་འབྱོར་བ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་མཚོའི་གྲས་ཤིག་ཡིན་པའི་ཆ་ནས། མཚོ་མོ་དེ་ཉིད་ས་གཞིའི་རྒྱན་དུ་གྱུར་པ་མ་ཟད། ཉེ་འཁོར་གྱི་གངས་རིའི་ཚོགས་ལའང་བརྗིད་ཉམས་གསར་པ་ཞིག་བསྣན་ཡོད།
གངས་རིན་པོ་ཆེར་ས་བབ་སྨི་6656ཡོད་པ་དང་གཏོར་གཟུགས་ལས་གྲུབ་པས་གང་སར་སྐད་གྲགས་ཆོད། ཟླ་བ་བཞི་པ་ནས་བཅུ་པའི་བར་ནི་གངས་རིན་པོ་ཆེར་རྐང་ཐང་མར་སྐྱོད་པའི་དུས་ཚིགས་ཡག་ཤོས་ཡིན་པ་དང་། རྐང་ལམ་གྱི་ལམ་ཐག་རིང་ཤོས་ལ་སྤྱི་ལེ་52ཙམ་ཡོད་ལ། ལམ་བར་གྱི་གངས་རི་དང་། རྩྭ་ཐང་། ལུང་གཞུང་སོགས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཀྱིས་ཁྱེད་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཐུབ། སྐབས་སྐབས་སུ་གནའ་བ་དང་། འཕྱི་བ། ཨ་བྲ་དང་རི་བོང་སོགས་རི་སྐྱེས་སྲོག་ཆགས་ཀྱང་མཐོང་ཐུབ།
དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་གངས་རིན་པོ་ཆེའི་རྐང་ལམ་གྱི་འགོ་འཛུགས་ས་ཡིན་པ་དང་། ལོ་ལྟར་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོ་མ་གྲོས་གཅིག་མཐུན་ངང་དེ་གར་འཛོམས་ཏེ་གངས་རིའི་མཛེས་སྡུག་དང་ལྐོག་གྱུར་ལ་ལྟ་བར་ཡོང་གི་ཡོད།
ཨུ་རུ་སུའི་ཡུལ་སྐོར་བ་ལཱ་ལཱ་ཡིས“ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། གྲོང་རྡལ་ཆུང་ངུ་དེ་ངའི་བསམ་ཚོད་ལས་སྟབས་བདེ་བ་མ་ཟད། མཁོ་ཆས་ཀྱང་འབེལ་འབེལ་ལྷུག་ལྷུག་འདུག”ཅེས་བརྗོད་དེ་གྲོང་རྡལ་ནས་རྐང་ཐང་ཡུལ་སྐོར་ལ་མཁོ་བའི་ཅ་དངོས་ཉོ་བཞིན་མཆིས།
སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞན་ཀང་གིས། དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་དུས་ཐེངས་དང་པོའི་རྣམ་གྲངས་2022ལོའི་ཟླ་5ཚེས་4ཉིན་སྐྲུན་འགོ་ཚུགས་པ་དང་། 2024ལོའི་ཟླ་7པར་ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱས་ཡོད། ད་ལོ་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུས་སྔོན་དཔག་བྱས་ན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁྲི་4ནས་6བར་ལ་སྣེ་ལེན་ཞུ་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས།
“ཀོག་ཧྥེ་ཁང་གི་ཀོག་ཧྥེའི་བྲོ་བ་ཞིམ་པ་དང་། མགྲོན་ཁང་དཀར་ཆ་དོད་ལ་གཙང་བ། གྲོང་རྡལ་ཆུང་ངུའི་སྒྲིག་བཀོད་ཚང་མ་ང་ཚོ་ཡོང་ཐེངས་དང་པོ་ལས་ཡག་ཏུ་ཕྱིན་འདུག”ཅེས་ལོ་70ལ་སླེབས་པའི་དབྱི་ཐ་ལིའི་ཡུལ་སྐོར་བ་ཅཱ་ཨེ་ཐ་ནོའུ་བཟའ་ཚོ་གཉིས་ལོ་བཅུ་སོང་རྗེས་སླར་ཡང་འདི་གར་ཡོང་ནས་སྔོན་མའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བརྗོད་པ་དང་། ཁོང་གཉིས་ཀྱིས། སྔོན་མ་ཁྲོམ་གཞུང་དུ་རླངས་འཁོར་ཕར་རྒྱུག་ཚུར་རྒྱུག་བྱེད་སྐབས་ཐལ་རྡུལ་གྱིས་ཁེངས་པ་དང་ལམ་རྒྱུད་དུ་གྲོང་མིའི་ཁང་པ་རྙིང་པ་དང་དཀར་ཆ་མེད་པའི་ཚོང་ཁང་ཆུང་ཆུང་མང་པོ་འདུག་ཅེས་བརྗོད།
ཁྲུང་ཆིང་ནས་ཡིན་པའི་ཟ་ཁང་གི་སྦྱིན་བདག་ཝང་ཤིའུ་ཡིས་དར་ཆེན་དུ་ཟ་ཁང་བཙུགས་ནས་ལོ་12འགྲོ་ཡི་ཡོད། ཐོག་མའི་སྒྲིག་ཁང་ཐབས་ཆག་ཅིག་ནས་ད་ཆའི་ཁང་མིག་གསུམ་ལྡན་གྱི་ཟ་ཁང་ཞིག་ཏུ་གྱུར་ཡོད། བུ་མོའི་བསམ་ཆར་ལྟར་ཝང་ཤིའུ་ཡིས་ཟ་ཁང་དྲ་ཐོག་ནས་ངོ་སྤྲོད་བྱས་པར་བརྟེན་ད་ཆ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཁེངས་ནས་ཡོད།
གྲོང་རྡལ་ཆུང་ངུ་སྐད་གྲགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག ས་གནས་དེ་གའི་ཡུལ་མིའི་འཚོ་བའི་སྤུས་ཚད་ཀྱང་དེ་མཚུངས་ཀྱིས་ལེགས་སུ་ཕྱིན་ཡོད།
སྔོན་མའི་གངས་ལྗོངས་མཐའ་མཚམས་དེ་ཉིད་ད་ཆ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བཞིན་ཡོད་ཅིང་། དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུས་གངས་རིན་པོ་ཆེའི་འདབས་ནས་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བར་ཕེབས་བསུ་ཞུ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།