བོད་ཀྱི་ཞིང་འབྲོག་པས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པ།
མེ་ཏོག་རྣམ་པར་བཀྲ་བའི་དབྱར་དུས་སུ་ནམ་མཁའ་གཡའ་དག་པ་དང་། གང་སར་ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་ཡུལ་སྐོར་བས་ཁེངས། ས་བབ་སྨི་4700ལྷག་ཙམ་ཟིན་པའི་གནམ་མཚོའི་འགྲམ་དུ་ལོ་26ལ་སླེབས་པའི་བོད་རིགས་ཕོ་གཞོན་བསོད་རྒྱལ་གྱིས་ཡུལ་སྐོར་བར་གཡག་བཞོན་སྟངས་སློབ་བཞིན་ཡོད།
བསོད་རྒྱལ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་གྲོང་ཚོའི་ཡུལ་མི་ཡིན་པ་དང་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཞུཌ་བྱས་ཤིང་། ་ད་ཆ་ཟླ་རེའི་ཡོང་འབབ་སྒོར་9000ཟིན་གྱི་ཡོད། “ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ན་ནང་མིར་ལྟ་རྟོག་བྱེད་ཐུབ་པ་མ་ཟད། ཕ་ཡུལ་འཕེལ་རྒྱས་ལ་རང་གི་ནུས་ཤུགས་ཀྱང་འདོན་ཐུབ་ཀྱི་འདུག”ཅེས་བསོད་རྒྱལ་གྱིས་དགའ་སྤྲོའི་ངང་བཤད།
གནམ་མཚོའི་མཛེས་ལྗོངས་ཁུལ་དུ་བསོད་རྒྱལ་དང་འདྲ་བའི་ས་གནས་དེ་གའི་ལས་མི་ད་དུང་མང་པོ་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ཆེད་ལས་གསོ་སྦྱོང་བྱས་ནས་ཁོང་ཚོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། ཁོང་ཚོ་གནམ་མཚོའི“མགྲིན་ཚབ་པར”འགྱུར་བར་རོགས་རམ་བྱེད་ཀྱི་ཡོད།
བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་ཞིང་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད།
“ང་ཚོའི་85%ཡན་གྱི་ལས་མི་ཚང་མ་ས་གནས་དེ་གའི་མང་ཚོགས་རེད། དེའི་ནང་སྐྱེ་ཁམས་ནག་སྲུང་བ་དང་། འགྲེལ་བཤད་པ། ཁ་ལོ་བ་སོགས་ཡོད། ད་ལོར་ཡུལ་སྐོར་ཞབས་ཞུ་བརྒྱུད་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་2000ཙམ་འཕར་བར་སྐུལ་ཁྲིད་བྱས་ཡོད”ཅེས་ལྷ་ས་གནམ་མཚོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ལུང་ཆོན་གྱིས་བཤད།
འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2014ལོ་ནས་2024ལོའི་བར། གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བརྒྱབ་ན། ཡུལ་སྐོར་བ་མི་ཐེངས་ཁྲི་511ལ་སྣེ་ལེན་ཞུས་ཡོད།
ཉེ་བའི་ལོ་ཤས་རིང་། གནམ་མཚོ་བཀྲ་ཤིས་གླིང་ཕྲན་མཛེས་ལྗོངས་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་སྤྱི་པའི་གསང་སྤྱོད་དང་གློག་སྒུལ་ལྟ་སྐོར་རླངས་འཁོར་སོགས་སྒྲིག་བཀོད་རིམ་སྤོར་བྱས་པ་མ་ཟད། ད་དུང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས་མཚོའི་སྤུས་ཚད་དང་སྔོ་ཁེབས་ཀྱི་འགྱུར་ལྡོག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཡོད།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་གསའ་ཕུའུ་གངས་རི་ཡང་ཡུལ་སྐོར་བ་ཡོང་ས་ཞིག་ཏུ་གྱུར་ཞིང་། མཚོ་འགྲམ་གྱི་རྩྭ་ཐང་ཐོག་ཕུབ་པའི་བོད་བཟོའི་སྦྲ་གུར་དག་མངོན་གསལ་ཤིན་ཏུ་དོད། ཡུལ་སྐོར་བ་ཚོས་གངས་རི་དང་མཚོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་ས་གནས་དེ་གའི་སྒྱུ་རྩལ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོར་ལྟ་བཞིན་ཡོད།
གསའ་ཕུ་གངས་རི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་བསྟན་འཛིན་དར་རྒྱས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲི་རུ་བ་ཞིག་རེད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་རྗེས་ཁོང་ཕ་ཡུལ་དུ་ལོག་ནས་འགྲེལ་བཤད་པ་ཞིག་བྱས་ཤིང་། “ཕ་ཡུལ་གྱི་གཏམ་རྒྱུད་མི་མང་པོ་ཞིག་ལ་ཤོད་སྐབས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བསྟན་འཛིན་དར་རྒྱས་ཀྱིས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་སྤུས་རྟགས་གཏོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3128.48ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.67%འཕར་ཡོད། དེའི་ནང་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་19.64ཟིན་པ་དེ་དུས་མཚུངས་ལས་31.2%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3108.84ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་11.57%འཕར་བ་དང་། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་77.24ལྷག་ཙམ་ཟིན་ནས་དུས་མཚུངས་ལས་21.2%འཕར་བ་དང་རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་5.3ལྷག་ཙམ་སྤེལ་བ་རེད།
གནམ་མཚོ་ནས་གསའ་ཕུ་གངས་རི་བར་དང་། ཕོ་བྲང་པོ་ཏ་ལ་ནས་གཙུག་ལག་ཁང་བར་བོད་ཀྱིས་མཛེས་སྡུག་ལྡན་པའི་རང་བྱུང་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་སྣ་ཚོགས་ལ་བརྟེན་ནས་འཛམ་གླིང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད། བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་བ་ལས་ཞིང་འབྲོག་པ་དེ་བས་མང་བ་དེའི་ནང་ཞུགས་ནས་བོད་ཀྱི་ཕུལ་བྱུང་རིག་གནས་དང་སེམས་རྩ་འཁོལ་བའི་རང་གཤིས་གང་ལེགས་མངོན་པ་དང་། ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།