ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་རྒྱུགས་ལན།
དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་རྩྭ་རྩི་ཤིང་ལོ་འདབ་རབ་ཏུ་རྒྱས།
ལོ་ན་གཞོན་པའི་བུ་མོ་ཚེ་རིང་དཔལ་སྐྱིད་ཀྱི་ཁྱིམ་བོད་ལྗོངས་ལྷ་སའི་བྱང་རིའི་འདབས་སུ་གནས་པ་དང་། ཁོ་མོའི་ཆུང་དུས་ཀྱི་དྲན་ཤེས་ནང་དེ་གའི་རི་བོ་དག་ནི་སྐྱ་ཐེར་ཐེར་ཤ་སྟག་རེད།
“རི་འདི་ཐོག་མར་འཛེག་སྐབས་འདི་གར་ལྕང་མ་སྐྱེ་མི་སྲིད་སྙམ་བྱུང”ཚེ་རིང་དཔལ་སྐྱིད་ཀྱིས་ས་བབ་སྨི་3600ལྷག་ཙམ་གྱི་ལྗོངས་གཟིགས་སྒང་ནས་རྒྱང་ལྟ་བྱེད་བཞིན་དུ་སྔོ་ལྗང་གིས་བཀླུབས་པའི་རི་ཀླུང་མིག་ལམ་དུ་འཆར་སྐབས་དགའ་བའི་འཛུམ་མདངས་འཕྱུར།
ད་ལོ་ནི་ཁོང་གིས་ཉང་བྲན་ལུང་ཤུར་གྱི་ཡུག་ཁུལ་གཉིས་པའི་སྔོ་འགྱུར་བདག་སྐྱོང་པའི་འགན་ཁུར་བའི་ལོ་བཞི་པ་དེ་རེད།
2021ལོར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་ཚལ་འཛུགས་སྐྲུན་ལས་གྲྭ་ཡིན་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལན་ལེན་བསྟར་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན། ལོ་10ཡི་ནང་ཤིང་ནགས་མུའུ་ཁྲི་206.72འདེབས་གསོ་བྱ་རྒྱུ་རེད། དུས་དེ་ནས་བཟུང་ཕ་ཡུལ་དེ་རི་སྔོན་ཆུ་དྭངས་ཀྱིས་བསྐོར་བའི་སྐྱེ་ཁམས་འཚོ་སྡོད་རུང་བའི་ས་མཐོའི་གྲོང་ཁྱེར་དུ་འགྱུར་བ་བྱ་རྒྱུ་དེ་ཚེ་རིང་དཔལ་སྐྱིད་ཀྱི་འབད་འཐབ་དམིགས་ཚད་དུ་གྱུར།
ལོ་བཞིའི་རིང་ཁོ་མོའི་ལས་ཀ་གཙོ་བོ་ནི་ས་དོང་འདྲུ་བ་དང་། སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ། བདག་སྐྱོང་བྱེད་པ་བཅས་ཡིན་ཞིང་། ལོ་གཅིག་དུས་བཞིར་ཉིན་གཅིག་ལྟར་བྲག་རི་གཡང་གཟར་ཁྲོད་ཕར་འགྲོ་ཚུར་འོང་གིས་ས་དོང་འདྲུ་བ་དང་། ཐག་རིང་ནས་ས་དབོར་བ། ཆུ་སྦུག་བཟུང་ནས་ཆུ་གཏོང་བ་བཅས་བྱེད་དགོས་པས། ཁོ་མོའི་ལས་ཀ་ནི་ཧ་ཅང་དཀའ་ངལ་ཆེ་བ་ཞིག་རེད།
ཚེ་རིང་དཔལ་སྐྱིད་ཀྱིས་ཧ་ལམ་ལོ་ལྟར་རང་ཉིད་ཀྱི་གཅུང་པོ་ཚོ་ཁྲིད་ནས་སྡོང་ཕྲུག་འདེབས་པ་དང་ཆུ་རྒྱག་གི་ཡོད་པ་མ་ཟད། ཁོང་ཚོར་རི་སྔོན་ཆུ་དྭངས་ནི་ང་ཚོའི་རྒྱུ་ནོར་དང་འབྱུང་འགྱུར་ཕ་ཡུལ་འཕེལ་རྒྱས་སྔར་ལས་ཡག་པོ་ཡོང་བའི་རྨང་གཞི་རེད་ཅེས་ཤོད་ཀྱི་ཡོད།
ཚེ་རིང་དཔལ་སྐྱིད་ཀྱིས་འགན་ཁུར་བའི་ཡུག་ཁུལ་དུ་ཁོང་དང་འདྲ་བའི་ཡུལ་དེ་གའི་མི་བཅུ་གྲངས་ཁ་ཤས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཁྲོད་ཞུགས་ཡོད། མིག་སྔའི་བར་ལས་གྲྭ་དེས་མང་ཚོགས་མི་ཐེངས་ཁྲི་900ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཡོང་འབབ་སྒོར་དུང་ཕྱུར་29ལྷག་ཙམ་འཕར་ནས། སྐྱེ་ཁམས་དང་ཡོང་འབབ“གཉིས་འཕར”དང་། སྔོ་འགྱུར་དང་འཕེལ་རྒྱས“གཉིས་ཕན”མངོན་འགྱུར་བྱུང་ཡོད།
“ང་ཚོས་བདག་སྐྱོང་བྱས་པའི་སྡོང་པོར་མེ་ཏོག་བཞད་པ་དང་འབྲས་བུ་བཏགས་པ་མཐོང་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག མུ་མཐུད་སྡོང་ཕྲུག་འདེབས་པའི་སེམས་ཤུགས་ཀྱང་ཡོང་གི་འདུག”ཅེས་ཚེ་རིང་དཔལ་སྐྱིད་ཀྱིས་བརྗོད།
ཇུས་ཤུགས་མཉམ་འདོན་འོག ད་ཆ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་107.93ལེགས་གྲུབ་ཟིན་པ་དང་། སྡོང་ཕྲུག་དུང་ཕྱུར་1.2ལྷག་ཙམ་བཏབ་པར་སྤྱིའི་གསོན་ཚད་85%ཡན་ཟིན་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། 2024ལོར་ལྷ་སའི་མཐའ་འཁོར་གྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་393.1ཟིན་པ་དེ་ལོ་ལྟར་གྱི་དུས་མཚུངས་ལས་ཧའོ་སྨི་4.8འཕར་བ་དང་། ད་ལོའི་ལོ་སྟོད་དུ་ལྷ་སའི་མཐའ་འཁོར་གྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་149.4ཟིན་པ་དེ་ལོ་ལྟར་གྱི་དུས་མཚུངས་ལས་ཧའོ་སྨི་29འཕར་བ། བལྟོས་བཅས་ཀྱི་བརླན་ཚད་36.4%ཟིན་པ་དེ་ལོ་ལྟར་གྱི་དུས་མཚུངས་ལས་0.2%འཕར་བ་བཅས་རེད།
མཚོ་བོད་ས་མཐོ་མུ་མཐུད་དུ་བརླན་ཞིང་ལྗང་མདོག་ཏུ་གྱུར་བ་ནི་ས་ཕྱོགས་ཁག་གི་ནགས་རྩྭ་བདག་སྐྱོང་བ་གྲངས་མེད་ཀྱི་བཟོ་བོའི་བློ་དང་དཀའ་སྤྱད་འབད་འཐབ་དང་ཁ་བྲལ་ཐབས་མེད།
2023ལོར། ཉིས་སྟོང་ལོའི་ནང་སྐྱེས་ཀྱི་ཧྲུའུ་ཆི་ཞང་སློབ་ཆེན་ཐོན་རྗེས་ཕ་ཡུལ་ཁུན་མིང་ནས་བྲལ་ཏེ་གངས་ལྗོངས་ས་མཐོར་ཡོང་ནས་བྱང་རིའི་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོ་ཁུལ་གྱི་ལས་གྲྭའི་ལྟ་སྐུལ་པ་ཞིག་ཏུ་གྱུར་ཞིང་། ཁོང་གནས་སའི་ཡུག་ཁུལ་གྱི་ས་བབ་སྨི་3700ལྷག་ཙམ་ཡོད།
ཧྲུའུ་ཆི་ཞང་གིས“རི་འདི་ཧ་ཅང་གཟར་པོ་ཡོད་པས་དེ་འཛེག་པར་ཉིན་ཕྱེད་ཙམ་འགོར་གྱི་འདུག”ཅེས་བཤད། ཁོང་ཧ་ལམ་ཉིན་ལྟར་རི་འདིར་འཛེག་དགོས་ཀྱི་ཡོད་པ་རེད།
ཆུ་འདྲེན་པ་དང་། ར་བ་བསྐོར་བ། འདེབས་འཛུགས། ལུད་རྒྱག་པ་སོགས་ཀྱི་ཨར་ལས་སྤུས་ཚད་ཚོད་འཛིན་བྱེད་པ་དང་། ར་བའི་ནང་དུ་བཏབ་པའི་སྡོང་ཕྲུག་གི་ཚད་གཞི་དང་སྤུས་ཚད་ཞིབ་བཤེར་རྩིས་ལེན་བྱེད་པ། ས་གནས་ས་ཐོག་གི་དམིགས་བསལ་ལས་སྒྲུབ་དང་། གློག་སྤྱོད། མེ་ཟོན་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། འཚོ་བའི་གད་སྙིགས་དང་། ས་རྡུལ། སྔོ་ཁེབས་སྲུང་སྐྱོང་སོགས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་ལྟ་ཞིབ་བྱེད་པ་ལ་སོགས་ཀྱི་བཟོ་པ་ཁག་ཐེངས་མང་པོ་བརྗེས་མོད། འོན་ཀྱང་ཧྲུའུ་ཆི་ཞང་ཐོག་མཐའ་བར་གསུམ་དུ་ལས་ཡུལ་དུ་ཡོད་པ་རེད།
“རང་ཉིད་ཀྱིས་འགན་ཁུར་བའི་ཡུག་ཁུལ་གྱི་ཤིང་སྡོང་སྐྱེ་ཚུལ་ཡག་པོ་བྱུང་བ་མཐོང་སྐབས་དཀའ་ལས་བརྒྱབ་ན་དངོས་དངོས་རྗེན་རྗེན་གྱི་འབྲས་བུ་སྨིན་པའི་ཚོར་སྣང་བྱུང་ནས་དགའ་ཚོར་སྐྱེ་གི་འདུག” རི་རྒོད་སྔོ་ཁེབས་ཀྱི་བཀླུབས་པ་མཐོང་སྐབས་ཁོང་གི་སེམས་ནང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་པའི་འགན་འཁྲི་དང་གཟི་བརྗིད་ཀྱིས་ཁེངས།
འབྲེལ་ཡོད་གསར་འགྱུར།