སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཐེབས་པ།
ས་གནས་དེ་གའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ།
ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ལས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། འཕྲིན་ལན་ནང“གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་དེས་ཚང་མར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་ལས་ཀའི་གཙོ་གནད་སྔར་བས་ཁ་གསལ་བྱུང་ཡོད།
མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་འདྲེན་ཐང་ནི་ཤར་པ་འདུས་སྡོད་བྱ་ཡུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཡུལ་དེའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། “རི་གཉིས”བསྒྱུར་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པར། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་ཁག་བདུན་པའི་མཚན་སྙན་ཐོབ་ཡོད།
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། འདྲེན་ཐང་གྲོང་རྡལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི‘རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི’ཞེས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རང་སའི་སྐྱེ་ཁམས་དང་། ཐོན་ཁུངས། རིག་གནས། ས་ཁམས་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། འཕེལ་རྒྱས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་འབོར་མང་དུ་དང་སྤུས་ཚད་མཐོ་རུ་བཏང་ཡོད” (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འདྲེན་ཐང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིན་ལི་ཕེང་གིས། “གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ན། བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་ཟེར་བ་ངོ་མ་མངོན་འགྱུར་ཐུབ་ངེས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལས་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་གདེང་ཚོད་ཆེ་རུ་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བཤད།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་བདེ་ཆེ་ཤོས་སྐྲུན་པའི་དམངས་འཚོའི་བདེ་རྩ་རེད། ད་ཆ་འདྲེན་ཐང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་བརྟན་ལ་ཐོན་ལས་ཀྱང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས། དར་རྒྱས་ཆེ་བའི་རྣམ་པ་ཞིག་མངོན་བཞིན་ཡོད། འདྲེན་ཐང་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་བཀྲ་ཤིས་ལྷ་མོས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་གལ་ཆེན་གནང་བ་དེ་ནི་ཀ་ལ་གྲོང་ཚོའི་འཕེལ་རྒྱས་ལ་ཁས་ལེན་གནང་བ་ཞིག་རེད་ལ། དེ་བས་ང་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་ཞིག་ཀྱང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས། ཡུལ་འདིའི་སྐྱེ་ཁམས་དང་རིག་གནས་ཀྱི་ལེགས་ཆར་གཞི་ཚུགས་ཁར། འདྲེན་ཐང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་ཡངས་སུ་གཏོང་གི་ཡིན”ཞེས་བརྗོད།
སྤེན་པ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཤར་པ་བ་ཞིག་ཡིན་ཞིང་། “སྐྱེ་ཁམས་ཀྱི་ཡོང་འབབ”ལས་ཁོང་གི་འཚོ་བ་སྐྱ་ནམ་རྒྱས་པ་ཞིག་བྱུང་ཡོད། སྤེན་པས་བློ་རྩ་བརྟན་པོས། “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་སོང་བས་བཀའ་དྲིན་ཆེན་པོ་ཡིན། ‘བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད’ སྤྱི་ཁྱབ་ཧྲུའུ་ཅི་མཆོག་ཐུགས་བློ་བདེ་པོ་གནང་རོགས། ང་ཚོས་མེས་རྒྱལ་གྱི་རྩྭ་རྩི་ཤིང་ཚུན་ཆད་ནས་སྲུང་སྐྱོང་ཡག་པོ་བྱེད་ངེས་ཡིན། ཏང་གི་འགོ་ཁྲིད་འོག་ང་ཚོའི་འབྱུང་འགྱུར་དེ་བས་འོད་ཟེར་སྟོང་དང་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།