དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་འདམ་ར་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-13

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་འདམ་ར་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་ལ་རྒྱལ་ཁབ་འདམ་རའི་སྤྱི་གླིང་4དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་1བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་25.81ལྷག་ཙམ་ཟིན་པའི་ནང་རིགས་བཞིའི་འདམ་ར་13ཚུད་ཡོད་པ་དང་། འདམ་ར་སྲུང་སྐྱོང་ཐུབ་ཚད་92.8%ཟིན་ཏེ། ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་འདམ་ར་སྲུང་སྐྱོང་ལས་དོན་ཁྲོད་གྲུབ་འབྲས་ཆེན་པོ་བཏོད་ཡོད།

    སྐོར་ཞིབ་ལྟ་འདོམས་དང་དྲིལ་བསྒྲགས་སློབ་གསོའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་གི“འགོག་སྲུང་དྲ་རྒྱ”ཚགས་དམ་དུ་བཏང་ཞིང་། འདམ་རར་རིམ་དབྱེ་སྐོར་ཞིབ་ཐེངས་150བྱས་ནས་འདམ་རའི་སྐྱེ་ཁམས་ཁོར་ཡུག་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཡོད།

    “འཛམ་གླིང་འདམ་རའི་ཉིན་མོ”སོགས་ཀྱི་མཚམས་ཚིགས་གལ་ཆེན་ལ་བརྟེན་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ཐེངས་20སྤེལ་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་4000ལྷག་ཙམ་ལ་སློབ་གསོ་བརྒྱབ་སྟེ། སྤྱི་དམངས་ཀྱི་འདམ་ར་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་ཡོད། དེ་དང་ཆབས་ཅིག འདམ་རའི་སྤྱི་གླིང་དུ་དྲིལ་བསྒྲགས་བྱང་བུ་དང་མཚོན་རྟགས་བྱང་བུ་175བཙུགས་ཏེ། འདམ་ར་སྲུང་སྐྱོང་འདུ་ཤེས་ཐད་ཀར་བརྒྱུད་སྤྲོད་བྱས་ནས། དམངས་ཡོངས་འདམ་ར་སྲུང་སྐྱོང་ལ་ཞུགས་པའི་རྣམ་པ་བཟང་པོ་བཏོད་ཡོད།

    ལམ་ལུགས་བཟོ་བ་དང་ཁྲིམས་སྒྱུར་འགན་སྲུང་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་འདམ་རའི་སྲིད་འཛིན་ཁྲིམས་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འདམ་ར་སྲུང་སྐྱོང་ལས་དོན་དེ་ནགས་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་སྟེ་རིམ་པ་ཁག་ལ་འགན་འཁྲི་ནན་དཀྲིས་བྱས་ཡོད། མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་5སྤེལ་བ་བརྒྱུད་ལྟ་འདོམས་ཀྱི་མཉམ་ཤུགས་ཆགས་པ་དང་། འདམ་ར་སྲུང་སྐྱོང་ཁྱབ་ཁོངས་སུ་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་མི་ཐོན་པར་བྱས་ཏེ། འདམ་རའི་སྐྱེ་ཁམས་བདེ་འཇགས་ལ་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།