བོད་ཀྱིས“རིག་གནས་ཡུལ་སྐོར་+”ཀྱི་ལས་དོན་འབོར་ཆེན་བསྒྲུབས་པ།
ད་ལོ་ཚུན། བོད་དུ་ཡོང་མཁན་ཡུལ་སྐོར་ཆེད་གཏོང་མེ་འཁོར་མངོན་གསལ་དོད་པོས་མང་དུ་བཏང་ཞིང་། ཟླ་6པའི་ཟླ་འགོ་བར་མཚོ་བོད་ཚོགས་པ་ཀུང་སིས་བོད་དུ་ཡུལ་སྐོར་ཆེད་གཏོང་མེ་འཁོར་20བཏང་ནས་ཡུལ་སྐོར་བ་མི་ཐེངས་8500ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་མེ་འཁོར་གཏོང་གྲངས་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་ཚད་ལོ་ལྔའི་རིང་གི་མང་ཤོས་སུ་སླེབས་ཡོད།
“ལྕགས་ལམ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”བྱེད་ཐབས་དེས་ལམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་ལ། ཡུལ་སྐོར་བའི་ཕྱིར་སྐྱོད་ཀྱི་ཉམས་ལེན་ཡང་ཕུན་སུམ་ཚོགས་སུ་གཏོང་ཐུབ་ཀྱི་ཡོད། མཚོ་བོད་ཚོགས་པ་ཀུང་སིའི་འགྲུལ་ཟོག་དོ་དམ་པུའི་ཀྲུའུ་རེན་གཞོན་པ་ལི་ཅ་ཡིས་ཉེ་བའི་ལོ་ཤས་རིང་མཚོ་བོད་ཚོགས་པ་ཀུང་སིས་ས་མཐོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་མ་ལག་བཏོད་དེ་རིགས་ཆེ་གྲས་དགུ་ཡི་ཡུལ་སྐོར་ཐོན་རྫས་ཁག་11བཏོན་ཡོད་ཅེས་ངོ་སྤྲོད་བྱས།
“རིག་གནས་ཡུལ་སྐོར་+N”ནི་བོད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། དབྱར་གྱི་ས་མཐོའི་མཛེས་ལྗོངས་པིར་གྱིས་བྲིས་པ་ལྟར་མཛེས། “གཉེན་སྒྲིག་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”བརྩེ་དུང་གིས་ཕྱུག་པའི་ཡུལ་སྐོར་འགོ་ཚུགས་པ་དང་། གནམ་མཚོ“དར་ཁ་ཞིག་པའི་ཉིན་མོར”བཟའ་ཚོ་གསར་པ་100མཉམ་སྡེབ་གཉེན་སྒྲིག་ལ་ཞུགས་པ། ས་མཐོར་རིག་རྩལ་མཉམ་འགྲན་བྱེད་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ལྷ་སར་བྱས་ནས་གྲོང་མི་དང་ཡུལ་སྐོར་བ་ཁྲི་2.5ཙམ་གྱི་ཡིད་དབང་བཀུག་པ། ཧྲང་ཧའེ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་གྱི་བོད་སྐྱོར་གྱི་རྣམ་པ་བཏོད་དེ“མཁའ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ”བརྒྱུད་གཞིས་རྩེ་རྒྱལ་སྤྱིར་སྐད་གྲགས་ཆོད་ཚད་དང་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་མུ་མཐུད་ཆེ་རུ་ཕྱིན་ཡོད།
ད་ལོ་བོད་ཀྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་དར་སྤེལ་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། མཛེས་ལྗོངས་ཁུལ་རྩེ་གྲ་དང་། རིག་གནས་ཡུལ་སྐོར་བར་ཁྱམས། ཡུལ་སྐོར་རྫོང་གྲགས་ཅན་བཅས་ཁག་གཅིག་བཏོད་ནས་ཡུལ་སྐོར་དེ་ཉིད་ལུས་རྩལ་དང་། ཞིང་ལས། འགྲིམ་འགྲུལ། ཚོང་ལས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་ལོ་མཇུག་བར། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་20%ཡན་འཕར་ཐུབ་པར་བྱས་ནས། སྣེ་ལེན་ཞུས་པའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མི་ཐེངས་དང་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་17%དང་16%ཡན་སོ་སོར་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཅང་ཧྭ་ཡིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་དེ་བས་ཕུན་སུམ་ཚོགས་པའི་ལས་རྣམ་དང་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་ས་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་ཚོས་གངས་ལྗོངས་ས་མཐོའི་འཛད་མཐའ་མེད་པའི་ངོ་མཚར་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་ཟླ་6ཚེས་24ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས་པ་དང་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཧོ་ཅན་མིང་གིས)