དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ནགས་སྲུང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་སྐོར་སྲུང་བ་དོན་གྲུབ་ཚེ་རིང་གིས་བརྗོད་དོན།

    ཁྲུང་ཁྲུང་སྐེ་ནག་གི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྲུང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ནི་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་གནས་ལེགས་ཤོས་སུ་གྱུར་ཡོད། 2006ལོར་སྟེས་དབང་ཞིག་གིས་རྐྱེན་པས་དོན་གྲུབ་ཚེ་རིང་ལ་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་བསྐལ་བ་ཐོབ་ནས“འདབས་ཆགས་སྲུང་སྐྱོང་བ”ཞིག་ཏུ་གྱུར། དེའི་རྗེས་ཀྱི་ལོ་བཅུ་ལྷག་ཙམ་རིང་། ཁོང་གིས་གནམ་གཤིས་བཟང་ངན་ལ་མི་བལྟོས་པར་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་གང་ཐུབ་ཅི་ཐུབ་ཀྱིས་སྐྱོབ་པ་དང་ནང་མིའི་རྒྱབ་སྐྱོར་འོག་ད་བར་ལས་གནས་བརྟན་པོར་བསྲུངས། ད་ཆ། ས་གནས་དེ་གའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་མོད། འོན་ཀྱང་དོན་གྲུབ་ཚེ་རིང་གིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པར་སྤྲོ་སེམས་ཆེན་པོས“མི་དང་ཁྲུང་ཁྲུང་སྐེ་ནག་མཉམ་གནས”ཀྱི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་བརྩམས་ཡོད།

    དོན་གྲུབ་ཚེ་རིང་གི་ཁྱིམ་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱེད་ས་དང་ཐག་ཉེ་ཞིང་། 2006ལོའི་ཉིན་ཞིག་ཁོང་རྒྱུན་ལྡན་ལྟར་ཁྱིམ་དང་ཐག་ཉེ་བའི་འདམ་རའི་མཐའ་འཁོར་དུ་ངལ་རྩོལ་བྱེད་སྐབས། ལྷུན་གྲུབ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འགོ་ཁྲིད་ཀྱིས་ཁོང་བཙལ་ནས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ལས་ཀ་བྱེད་འདོད་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས་ཐེ་ཚོམ་མེད་པར་ཁས་བླངས་ཏེ་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱས་ནས་ལོ་བཅུ་གྲངས་སོང་ཡོད།

    དུས་དེ་ནས་བཟུང་ཁོང་གི་ཐོབ་ཐང་ལའང་འགྱུར་ལྡོག་ཕྱིན་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་གི་སྤྱིར་བཏང་གི་ཡུལ་མི་ཞིག་ནས་ནགས་སྲུང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་སྐོར་སྲུང་བར་གྱུར་པ་དང་ཁོང་གི་འཚོ་བ་ཡང་ཁྲུང་ཁྲུང་སྐེ་ནག་དང་དམ་པོར་འབྲེལ། ཉིན་ལྟར་ཞོགས་པར་དོན་གྲུབ་ཚེ་རིང་ཁྱིམ་ནས་ཐོན་ཏེ་ཉིན་གཅིག་གི་སྐོར་སྲུང་ལས་ཀ་བྱེད་ཅིང་། ཁོང་གིས་རྒྱུས་མངའ་ཆེ་བའི་ལམ་བརྒྱུད་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་ཁོར་ཡུག་ལ་ལྟ་ཞིབ་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་གི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    སྐབས་འགར་རླུང་པོ་ཆེན་པོ་ལྡང་བ་དང་སྐབས་འགར་དྲག་ཆར་བབས་པའི་གནམ་གཤིས་གང་ཞིག་བསྟན་ཡང་། དོན་གྲུབ་ཚེ་རིང་གིས་སྐོར་སྲུང་ལས་ཀར་འཐུས་ཤོར་གཏོང་མྱོང་མེད། དགུན་དུས་ནི་ཁྲུང་ཁྲུང་སྐེ་ནག་ལ་ལྷག་པར་གཅེས་སྐྱོང་བྱེད་དགོས་པའི་དུས་ཚིགས་ཤིག་ཡིན་པས། དོན་གྲུབ་ཚེ་རིང་གིས་གྲང་ངར་ལ་མི་འཛེམས་པར་ཐབས་བརྒྱ་ཇུས་སྟོང་ངང་ཁྲུང་ཁྲུང་སྐེ་ནག་ཚང་མ་དགུན་སྒྲོལ་ཡོང་བར་བྱེད་ཀྱི་ཡོད།

    ད་ལོའི་ལོ་འགོར་ཁྲུང་ཁྲུང་སྐེ་ནག་གཉིས་ལ་རྨས་སྐྱོན་ཕོག་པ་ཤེས་ནས་ཁྱིམ་དུ་ལྟ་སྐྱོང་ཞིབ་ཚགས་བྱས་པ་མ་ཟད། ཉིན་ལྟར་ལྟོ་སྟེར་སྨན་བཅོས་ཞིབ་པར་བྱས།

    ཁོང་གི་ལྟ་སྐྱོང་ཞིབ་ཚགས་འོག ཁྲུང་ཁྲུང་སྐེ་ནག་གཅིག་དྲག་སྐྱེད་བྱུང་བ་དང་གཞན་དེར་རྨས་སྐྱོན་ཚབས་ཆེ་བ་མ་ཟད་ལྷག་པར་དུ་གཤོག་པའི་རྨ་ཁ་དྲག་ཁག་པས་ད་ལྟ་རྨ་ཁ་གསོ་བཞིན་པའི་སྒང་རེད།

    ཁྲུང་ཁྲུང་སྐེ་ནག་གང་མགྱོགས་དྲག་ཆེད། དོན་གྲུབ་ཚེ་རིང་གིས་ཉིན་ལྟར་རྨ་ཁ་གཙང་ཕྱིས་དང་སྨན་བྱུག་པ་དང་། ད་དུང་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ལྟོ་སྟེར་བ་སོགས་བྱས་པས་རྨ་ཁ་དྲག་སྐྱེད་བྱུང་ཡང་། ལུས་ཤུགས་གསོ་བ་དང་འཕུར་ཐུབ་པ་བྱེད་པར་སྔར་བཞིན་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད། དོན་གྲུབ་ཚེ་རིང་གིས་གསར་འགོད་པར“སང་ལོའི་དཔྱིད་ཀར་རྦད་དེ་དྲག་རྗེས་རང་བྱུང་ཁམས་ལ་གློད་ཐུབ་ཚེ་ང་གཞི་ནས་བློ་བདེ་སོང”ཞེས་བཤད།

    ལོ་མང་རིང་། དོན་གྲུབ་ཚེ་རིང་གིས་བསྐྱབས་པའི་ཁྲུང་ཁྲུང་སྐེ་ནག་རེ་རེ་བཞིན་ནམ་མཁར་འཕུར་བ་མཐོང་སྐབས་ཁོང་ལ་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་ཡོང་གི་ཡོད། ཁོང་གིས་རང་ཉིད་ཀྱིས་བསྒྲུབས་པའི་བྱ་བ་ཚང་མ་ནི་ཚེ་སྲོག་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་དོ་མཉམ་ཡོང་བར་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། ད་ཆ་དོན་གྲུབ་ཚེ་རིང་གིས་སྔར་བཞིན་གྲང་ངར་དང་ཚ་གདུག་ལ་མ་འཛེམས་པར“བྱ་སྲུང་བའི”ལས་གནས་བརྟན་པོར་སྲུང་བཞིན་ཡོད། ཁོང་གིས་ཀྱང་སང་ལོའི་དཔྱིད་ཀར་ཁྱིམ་དུ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་དྲག་སྐྱེད་བྱུང་སྟེ་སླར་ཡང་ནམ་མཁར་འཕུར་ཐུབ་པའི་རེ་བས་ཁེངས་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།