ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ཟངས་རི་དུམ་བུ། རི་ལྡེབས་ཀྱི་ས་རྒོད་མུའུ་ཁྲི་1.53ལ་སྡོང་ཕྲུག་བཙུགས་པ།
འདི་ནི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ཟངས་རི་དུམ་བུར་སྡོང་ཕྲུག་འཛུགས་པའི་རྣམ་པ་ཡིན་པ།
ཉིན་ཤས་གོང་། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ཟངས་རི་དུམ་བུའི་མུའུ་ཁྲི་1.53ཡོད་པའི་རི་ལྡེབས་སུ་མི་500ལྷག་ཙམ་གྱིས་ཚ་ཚ་འུར་འུར་ངང་ལྕགས་ཁྱེམ་གྱིས་ས་རྒྱོང་བ་དང་མདོང་དྲ་ཁྲིད་པ་སོགས་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་སྐྱེ་འཚར་ལ་འཚམ་པའི་སྒྲོན་ཤིང་སོགས་སྡོང་ཕྲུག་བཙུགས་པ་རེད། བོད་ཀྱི་སྐྱེ་ཁམས་སླར་གསོའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། ལས་གྲྭ་དེས་ས་རྒྱུ་ལེགས་བཅོས་དང་། ཆུ་འདྲེན་སྒྲིག་བཀོད་འཛུགས་སྐྲུན། དེ་གར་འཕྲོད་པའི་སྡོང་ཕྲུག་སྐྱེད་སྲིང་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བརྒྱུད་སྤྱིའི་ལས་སྒྲུབ་མྱུར་ཚད་ཀྱི་75%ཚར་ནས་སྡོང་ཕྲུག་རྐང་ཁྲི་2.61བཙུགས་པ་མ་ཟད། ཆུ་བེད་ཀྱི་ལེ་ལག་ཚང་སྒྲིག་ལས་གྲྭ་ཡང་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཡོད་པ་རེད།
མིག་སྔའི་བར། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལས་ཟངས་རི་རྫོང་གིས་མང་ཚོགས་མི་ཐེངས་ཁྲི་5.39ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་པ་དང་། ངལ་ལས་གླ་ཆ་སྒོར་ཁྲི་1230སྤྲད་ཡོད་པ་རེད། 2025ལོར་རྣམ་གྲངས་དེར་མ་དངུལ་སྒོར་དུང་ཕྱུར་3.956བཏང་ནས་སྒྲོན་མེ་ཤིང་དང་རི་ཁམ་སོགས་རིགས་24ཡི་སྡོང་ཕྲུག་རྐང་ཁྲི་144འཛུགས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་སྔོ་ཁེབས་མུའུ་ཁྲི་1.53མང་དུ་ཕྱིན་ནས་སྐྱེ་ཁམས་ཐད་ཀྱི་ཁེ་སྤོགས་རྒྱུན་མཐུད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ཆ་ནས། ད་ལོར་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ལྷོ་ཁའི་དུམ་བུའི་ཟངས་རི་དང་། སྣེ་གདོང་། གྲ་ནང་། གོང་དཀར། སྣ་དཀར་རྩེ་བཅས་རྫོང་དང་ཆུས་ལྔ་ཡིས་ནགས་བཟོ་ལས་འགན་མུའུ་ཁྲི་12ལྷག་ཙམ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།