ཇོ་མོ་གླང་མའི་སྒར་ས་ཆེན་པོ་ཡི།
སྦྲ་གུར་སྒར་སར་ཡུལ་སྐོར་རྣམ་པ་གསར།
ཉེ་ཆར་ཕྱོགས་ཡོངས་ནས་མ་ལག་སྒྱུར་བཀོད་རིམ་སྤོར་བྱས་མཐར་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་སྦྲ་གུར་སྒར་ས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས།
ཇོ་མོ་གླང་མའི་སྒར་ས་ཆེན་པོའི་སྦྲ་གུར་སྒར་སར“ཡུལ་སྐོར་བའི་སྒར་ས་ཆེན་པོ”ཡང་ཟེར་བ་དང་ཇོ་མོ་གླང་མའི་ས་བབ་མཚོན་རྟགས་ཀྱི་རྡོ་རིང་གནས་ཡུལ་དང་བར་ཐག་སྨི་1000ཙམ་ཡོད་པ་དེ་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ནང་གི་ཡུལ་སྐོར་བ་དག་ཇོ་མོ་གླང་མ་དང་བར་ཐག་ཉེ་ཤོས་སུ་སླེབས་པའི་གནས་ཤིག་རེད།
ལོ་ལྟར་ཡུལ་སྐོར་བ་མང་པོ་ཞིག་དེ་གར་བསྡད་དེ་མཚན་མོའི་སྐར་ཚོགས་དང་ཉི་འོད་འཕྲོ་བའི་རི་བོའི་མཛེས་པ་མྱོང་རོལ་བྱེད་བཞིན་ཡོད།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཇོ་མོ་གླང་མའི་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར་སྦྲ་གུར་སྒར་ས་གཉེར་སྐྱོང་བྱས་ནས་ལོ་མང་སོང་བ་དང་ཕྱོགས་སྒྱུར་རིམ་སྤོར་ཐེངས་མང་བྱས་པ་བརྒྱུད། སྒར་ས་དེ་ཐོག་མའི་ཁ་འཐོར་རྣམ་པའི་གཉེར་སྐྱོང་ནས་རིམ་བཞིན་གཅིག་གྱུར་ཅན་དང་གཞི་ཁྱོན་ཅན་དུ་གཉེར་སྐྱོང་ཐུབ་ནས་མང་ཚོགས་ཁག་གཅིག་ཡུལ་སྐོར་ལས་ཡོང་འབབ་གསོག་ཐུབ་པ་དང་ཕྱུག་འགྱུར་ལམ་བུར་བསྐྱོད་པར་སྐུལ་ཁྲིད་ཐུབ་པ་མ་ཟད། ཡུལ་དེའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པའང་ཐོན་ཡོད་ཅེས་བཤད།
2024ལོར་བཀྲ་ཤིས་འཛོམས་ཏང་ཨུད་དང་ཇོ་མོ་གླང་མའི་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་ཀྱིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཏེ་སྲིད་གཞུང་གི་མ་དངུལ་སྒོར་ཁྲི་800བརྩོན་ལེན་དང་རང་གྲབས་མ་དངུལ་སྒོར་ཁྲི་600གྲབས་གསོག་བྱས་ཏེ་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་སྦྲ་གུར་སྒར་ས་སྒྱུར་བཀོད་རིམ་སྤོར་གྱི་རྣམ་གྲངས་ལག་ལེན་བསྟར་བའི་ནང་སྤྱི་པའི་ཁུལ་ཁོངས་གསར་སྐྲུན་དང་། ཞག་སྡོད་སྦྲ་གུར་སྒྱུར་བཀོད། ཆུ་འབུད་ལས་གྲྭ སྒྲིག་ཆས་ཉོ་སྒྲུབ་སོགས་ཚུད་ཡོད་པ་རེད།
རིམ་སྤོར་བྱས་རྗེས་སྦྲ་གུར་སྒར་སར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
དིང་རི་རྫོང་གི་གྲོང་ཚོ་མཉམ་འབྲེལ་སྟོབས་ཤུགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རྣམ་རྒྱལ་གྱིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྦྲ་གུར་སྒར་ས་ནི་གནས་ཡུལ་དང་། སྤྱིའི་རྒྱ་ཁྱོན། སྦྲ་གུར་གྱི་བསྡོམས་འབོར་བཅས་འགྱུར་ལྡོག་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིམ་སྤོར་སྒྱུར་བཀོད་བྱས་པ་ཞིག་ཡིན་ཞིང་། བྱེད་ནུས་ཧྲིལ་པོ་ཇུས་འགོད་བྱེད་པའི་ཐད་སྒར་སས་སྦྲ་གུར་དྲུག་ལོགས་སུ་ཕྱེ་ནས་སྤྱི་པའི་ས་ཁོངས་སུ་བརྩིས་ཏེ་ཡུལ་སྐོར་སྣེ་ལེན་ལྟེ་གནས(རིག་གནས་བསམ་བཀོད་མྱོང་ལེན་ལྟེ་གནས)དང་། ཟ་ཁང་། དམངས་ཕན་སྒོ་རྩིས་ཚོང་ཁང་བཅས་མང་དུ་བཏང་བ་དང་། དེ་བྱིངས་ཀྱི་སྦྲ་གུར་54ནི་ཞག་སྡོད་ཁུལ་ཁོངས་ཡིན་ཞིང་། རྒྱས་སྤྲོས་སྡོད་ཁང་དང་། ཉལ་ཁྲི་ཆེན་པོའི་སྡོད་ཁང་། ཚད་ལྡན་སྡོད་ཁང་དཀྱུས་མ། མི་གཅིག་གི་སྡོད་ཁང་སོགས་ཁང་མིག་རིགས་མང་པོ་བཀོད་སྒྲིག་བྱས་པར་མང་ཤོས་ལ་ཡུལ་སྐོར་བ་680ལྷག་ཙམ་ཤོང་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
རྣམ་རྒྱལ་གྱིས“གོམ་སྟབས་རྗེས་མར་ང་ཚོས་ད་དུང་དངོས་ཡོད་དགོས་མཁོ་གཞིར་བཟུང་། ཞབས་ཞུའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བར་བློ་བདེ་བ་དང་། སྐྱིད་སྣང་དོད་པ། སེམས་སྐྱིད་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན”ཞེས་བཤད།