དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོ་ཤིང་འཛུགས་ལས་ལ་ཧུར་ཐག་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་ཚུན། ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོ་དང་རྟ་དཀར་གྲོང་རྡལ་གྱི་མང་ཚོགས་སྔོ་འགྱུར་བྱ་སྤྱོད་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། ད་ཆ་ཁོ་ཚོ་ནི་སྐྱེ་ཁམས་འཛུགས་སྐྱོང་རྒྱང་ལམ་ཐོག་གི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཅིང་། དེ་སྔའི་རི་རྒོད་ཐང་རྒོད་ལ་ད་ཆ་སྔོ་ལྗང་གོས་ཀྱིས་བརྒྱན་ཡོད། “གནམ་སྒྱུར་ས་བརྗེས”ཀྱི་བསྔགས་བརྗོད་ཐོབ་པའི་ལས་གྲྭ་རླབས་པོ་ཆེ་འདིར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། མིག་སྔའི་བར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས(དུས་ཐེངས་གཉིས་པ)ཆུ་ཤུར་ཡུག་ཁུལ་ཁོ་ནར་ངལ་ལས་མི་ཐེངས་110343སྤྱད་པར་མང་ཚོགས་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་2206.8བྱུང་ཡོད་པ་རེད།

    རི་ལྡེབས་སུ་འཆི་མེད་ཀྱི་ནང་མི་ཡོངས་ཤིང་འཛུགས་ལས་ལ་གཞོལ་བ།

    ཟླ་5ཚེས་4ཉིན་གྱི་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ལ། ཚར་པ་ནང་གྲོང་ཚོའི་ཚོགས་ཆུང་དྲུག་པའི་འཆི་མེད་བཟའ་ཚོ་མལ་ལས་ལངས། ཁོང་གཉིས་པོས་ཞོགས་ཟས་བཟས་རྗེས་སྒོ་ཕྱུགས་ལ་གཟན་ཆག་སྟེར་ཞིང་། དེ་ཉིན་གྱི་ཁ་ལག་སྟབས་བདེ་ཞིག་གྲ་སྒྲིག་བྱས་ཏེ་ལག་ཆ་ཁྱེར་ནས་ཁྱིམ་ནས་ཐོན།

    འཆི་མེད་དང་འདྲ་བའི་གྲོང་ཚོ་གཅིག་པའི་ཡུལ་མི་བཅུ་ལྷག་ཡོད་པ་དང་། ཁོང་ཚོས་གློག་སྒུལ་འཁོར་གསུམ་བཏང་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཆུ་ཤུར་ཚར་པ་ནང་གི་ཡུག་ཁུལ་གཉིས་པའི་ཕྱོགས་སུ་སྐྱོད། རི་འདབས་སུ་གྲོང་མི་ཚོས་བྱང་ཆུབ་པའི་ངང་ལས་བགོས་ཞིབ་ཚཌ་བརྒྱབ་རྗེས་རི་སྟེང་དུ་ཤིང་འདེབས་འགོ་བརྩམས། གསར་འགོད་པ་འཆི་མེད་དང་འགྲོགས་ནས་རི་འགོར་བསྐྱོད་པ་དང་། རི་སྐེད་ཀྱི་ས་བབ་སྨི་4000ཡས་མས་ཟིན་པའི་སར་ཚང་མས་ངལ་གསོ་ཅུང་ཟད་བརྒྱབ་རྗེས་ལས་ཀ་འགོ་བརྩམས། རི་ཁུལ་དུ་ལ་ལས་ས་དོང་འདྲུ་བ་དང་། ལ་ལས་ས་རྒྱོང་བ། ལ་ལས་ཆུ་རྒྱག་པ་སོགས་ཕྱོགས་གང་སར་ཤིང་འཛུགས་ནགས་བཟོའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

    འདི་ལོ་ལོ་20ལྷག་ཙམ་ལ་སླེབས་པའི་ཆོས་གྲགས་ནི་འཆི་མེད་ཀྱི་བུ་རྒན་པ་ཡིན་ཞིང་། སློབ་གྲྭ་ཆེ་མོ་ཐོན་རྗེས། ཁོང་གིས་ཉིན་མོར་ཕ་མ་གཉིས་དང་མཉམ་དུ་ཤིང་འཛུགས་སར་ལས་ཀ་བྱེད་པ་དང་དགོང་མོར་ཡིག་རྒྱུཌ་ལ་གྲ་སྒྲིག་ནན་ཏན་བྱེད་ཀྱི་ཡོད། “ད་ཆ་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱེད་ཆོག་ཆོག་ཡོད། འདི་གར་ཉིན་གླ་སྒོར་240ཡོད་པ་མ་ཟད། ཞིང་ལས་དང་ནང་ལས་གཉིས་ཀར་འཐུས་ཤོར་འགྲོ་གི་མི་འདུག”ཅེས་ཆོས་གྲགས་ཀྱིས་བཤད།

    ཆོས་གྲགས་ཀྱིས་ས་དོང་འདྲུ་བ་དང་ཁོང་གི་ཨ་མས་ལྕང་སོན་བཏབ་ནས་ས་རྒྱོང་གི་ཡོད། ཁོང་མ་བུ་གཉིས་ཀྱིས་ལྗོན་ཤིང་མང་པོ་བཏབ་ནས་ཕ་ཡུལ་སྔོ་ལྗང་དུ་འགྱུར་བར་རང་ནུས་ཡོད་རྒུ་འདོན་བཞིན་ཡོད། གཡོག་བྱེད་ཐད་མིག་སྔར་མི་ཐབས་ཆུ་འདྲེན་གཙོ་བོ་དང་ཞོར་དུ་ཐོར་ཆུ་གཏོང་བའི་བྱ་ཐབས་སྤྱད་དེ། མུའུ་རེར་མི་1ནས་2བཀོད་སྒྲིག་བྱས་ཡོད་པ་དང་། ཉིན་10ཙམ་ལ་ཆུ་ཐེངས་རེ་རྒྱག་གི་ཡོད་པས་ལྕང་སོན་ཚང་མར་ཆུ་འདང་ངེས་རག་གི་ཡོད་པ་རེད།

    ཡུལ་མི་ཤིང་འཛུགས་ལས་ལ་གཞོལ་ནས་འབབ་འཕར་ལམ་བུར་བསྐྱོད་པ།

    ཟླ་5ཚེས་4ཉིན། ཚར་པ་ནང་གྲོང་ཚོའི་ཤར་རིའི་རི་ལྡེབས་སུ་སྔོ་ལྗང་གོས་ཀྱིས་བཀླུབས། ལོ་28ལ་སླེབས་པའི་མཚམས་ལགས་བཏབ་མ་ཐག་པའི་ལྗོན་ཤིང་ལ་ས་རྒྱོང་བཞིན་ཡོད་ཅིང་། ཁོང་ལ་ཉིན་གླ་སྒོར་240ཡོད་པ་རེད། 2022ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ཚུན། ཆུ་ཤུར་རྫོང་དུ་མཚམས་ལཌ་དང་འདྲ་བར་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་པའི་མང་ཚོགས་ཀྱི་ཁ་གྲངས་ཁྲི་ལས་བརྒལ་ཡོད། དུས་ཐུང་ལོ་བཞིའི་ནང་ཆུ་ཤུར་རྫོང་གིས“རྩ་འཛུགས་ཅན་གྱི་ལས་ཞུགས་དང་གཞི་ཁྱོན་ཅན་གྱི་མི་སྤྱོད”ཀྱི་ལམ་སྲོལ་བརྒྱུད། ཤིང་འཛུགས་ནགས་བཟོའི་ལས་གྲྭ་དེ་ཉིད་ལ་ས་དོང་འདྲུ་བ་དང་། ཤིང་སྣ་སྐྱེལ་འདྲེན། འདེབས་འཛུགས། གཡོག་བྱེད་སོགས་ཀྱི་ལས་སྣ་མི་འདྲ་བ་20ལྷག་ཙམ་བགོས་ནས་ངལ་ནུས་མི་འདྲ་བ་བསྡུས་ཡོད། 2024ལོར་ཚར་པ་ནང་གྲོང་ཚོའི་ཡུག་ཁུལ་ཁོ་ནར་མང་ཚོགས་300ལྷག་ཙམ་ལས་ཞུགས་ཐུབ་ནས་མི་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་མང་དུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་ལས་གྲྭ་དེར་ད་དུང“ལྕང་སོན་གྱི་སྤུས་ཚད་ཞིབ་བཤེར་པ”དང“མི་མེད་གནམ་གྲུའི་རྩི་ཤིང་སྲུང་སྐྱོང་བ”སོགས་ཀྱི་ལས་སྣ་གསར་པ་ཐོན་ཡོད། གསོ་སྦྱོང་བརྒྱུད། ལོ་45ལ་སླེབས་པའི་བཀྲ་ཤིས་ཡུག་ཁུལ་གྱི་ལྟ་འདོམས་པར་གྱུར་ནས་ཟླ་རེའི་ཡོང་འབབ་སྒོར་6000ཡོད་པ་རེད། “སྔོན་ཆད་ཕྱུགས་འཚོ་བར་ཉམས་མྱོང་ལ་རྟེན་དགོས། ད་ལྟPDAལ་བརྟེན་ནས་ས་རྒྱུའི་བརླན་བཤེར་ཟིན་ཐོར་བཀོད་པ་དེ་ནི“རིག་ལྡན་ནགས་སྲུང”ངོ་མ་རང་རེད”ཅེས་བཀྲ་ཤིས་ཀྱིས་བཤད།

    “ལྗོན་ཤིང་ཡག་པོ་བཏབ་པ་དང་གཡོག་བྱེད་ཡག་པོ་བྱས་ན། འབྱུང་འགྱུར་སྔོ་ཐིང་ཐིང་གི་ཡུལ་ལྗོངས་ཤིག་མཐོང་ཐུབ་ངེས་རེད་ལ། ཉིན་ལྟར་ཡོང་འབབ་ཡག་པོ་ཡོད་པས། དེ་ནི་བྱ་བ་བཟང་པོ་ཞིག་རང་རེད”ཅེས་ཡུལ་མི་བསྟན་འཛིན་གྱིས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་དུ་བརྗོད།

    བསྟན་འཛིན་ལྟ་བུའི་ཤིང་འཛུགས་ལ་བརྟེན་ནས་འབབ་འཕར་བྱུང་བའི་མང་ཚོགས་ལྗོངས་ཡོངས་སུ་ད་དུང་མང་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལས་ཞུཌ་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་གྲྭ་འཛུགས་སྐྲུན་གྱི་འགོ་འཛུཌ་ས་དང་དོན་ལ་བབས་སར་བརྩིས་ཏེ། མང་ཚོགས་ནགས་བཟོ་སྔོ་འགྱུར་ནང་ཞུགས་སུ་འཇུག་པ་དང་། ཁེ་ལས་ལ་ཁྲིད་སྟོན་གྱིས་མང་ཚོགས་ཀྱི་ལག་ནས་ལྕང་སོན་ཉོ་བ་དང་མང་ཚོགས་ཀྱི་ལག་ནས་འཕྲུལ་ཆས་བོཌ་མར་ལེན་པ་སོགས་ཀྱི་བྱ་ཐབས་བརྒྱུད། འབབ་འཕར་སྒོར་དུང་ཕྱུར་18.6ཙམ་ཡོང་བར་སྐུལ་ཁྲིད་བྱས་པས་ཞིང་འབྲོག་པ་མི་ཐེངས་ཁྲི་500ཙམ་ལ་ཕན་པ་ཐོབ་ཡོད། “ན་ནིང་ངའི་ཁྱིམ་གྱི་ནང་མི་བཞི་ནཌ་བཟོའི་ལས་གྲྭར་ཞུགས་པས། ལོར་གླ་ཆ་སྒོར་ཁྲི་10ལྷག་ཙམ་བྱུང”ཞེས་ཡུལ་མི་ཤི་ལོག་གིས་གསར་འགོད་པར་བཤད།

    “ཤིང་འཛུགས”ནས“ནགས་སྲུང”བར་སྐྱེ་ཁམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ།

    ལོ་58ལ་སླེབས་པའི་བསོད་ནམས་རྡོ་རྗེ་ནི་སྔོན་ཆད་ཆུ་ཤུར་གྲོང་རྡལ་གྱི་རྡོ་གཤག་བཟོ་གྲྭའི་བཟོ་པ་ཡིན་པ་དང་། ད་ཆ་ཁོང་གིས་ཉིན་ལྟར་གློག་སྒུལ་སྦག་སྦག་བཏང་ནས་ནགས་ས་མུའུ་30ལ་སྐོར་སྲུང་བྱེད་ཀྱི་ཡོད། “སྔོན་ཆད་ལྗོན་ཤིང་གིས་ལྷགས་པ་འགོག་ཐུབ་ན་འགྲིག་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་དེ་ནི་བུ་རབས་ཚ་རྒྱུད་ལ་བཞག་པའི་སྐྱེ་ཁམས་ཀྱི་མཆོག་ནོར་ཡིན་པ་ཤེས་རྟོགས་བྱུང” ཁོང་གི་ཟིན་བྲིས་ཐོག་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་གཙོ་གནད་མང་པོ་ཞིག་བཀོད་ཡོད་པ་དེ་ནི་ཆུ་ཤུར་རྫོང་གིས་སྒྲིག་འཛུགས་བྱས་པའི་སྐྱེ་ཁམས་ནགས་སྲུང་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་སྐབས་ཀྱི་གྲུབ་འབྲས་ཤིག་རེད། བསོད་ནམས་རྡོ་རྗེ་ལྟ་བུའི་ཕྱོགས་སྒྱུར་བ་ད་དུང་ཧ་ཅང་མང་པོ་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། ཆུ་ཤུར་རྫོང་གིས་ལག་ཁྱེར་རག་ནས་ལས་ཀར་ཞུགས་པའི་སྐྱེ་ཁམས་གཡོག་བྱེད་སྲུང་སྐྱོང་བ་11598ལ་གསོ་སྦྱོང་བྱས་པ་དང་། ད་ཆ་ཁོང་ཚོ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5705མང་དུ་སོང་ནས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་ཁྱབ་སྤེལ་བར་གྱུར་ཡོད།

    སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་ནས་ལྗང་མདོག་སྲུང་བཅད་བརྟན་པོ་བསྐྲུན་པ་དང་ཆབས་ཅིག་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ཆུ་ཤུར་གྱི་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་གོ་སྐབས་བསྐྲུན་ཡོད།

    ཟླ་5ཚེས་4ཉིན། གསར་འགོད་པས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་དུས་ཐེངས་དང་པོའི་འོས་མཚམས་གཉིས་པའི་འདེབས་འཛུགས་བྱ་ཡུལ་དུ། ཆེད་ལས་མི་སྣས་ལྕང་སོན་རྣམས་མི་མེད་གནམ་གྲུར་བརྟེན་ནས་རི་སྟེང་དུ་དབོར་བཞིན་པ་མཐོང་བྱུང་། དེ་སྔ་སྐྱེ་ཁམས་ཉམས་ཞན་གྱི་ས་ཁོངས་དེ་ཕྱོགས་ཁག་གི་འབད་བརྩོན་འོག སྔོ་ཐིང་ཐིང་དུ་གྱུར་ནས་ལྗང་མདོག་སྐྱེ་ཁམས་སྲུང་བཅད་ཅིག་རིམ་བཞིན་ཆགས་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཆུ་ཤུར་རྫོང་གི་2024ལོའི་དུས་ཐེངས་དང་པོའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་སྔོན་འདེབས་རྗེས་གསབ་ཀྱི་ལས་གྲྭའི་གཞི་ཁྱོན་མུའུ་34328.4ཟིན་པ་དེར་འོས་མཚམས་3ཚུད་ཡོད་པ་དང་། 2024ལོའི་ལོ་མཇུག་བར་ནགས་བཟོའི་ལས་འགན་ལེགས་གྲུབ་བྱུང་ནས་མིག་སྔར་དུས་མཇུག་གི་དོ་དམ་སྲུང་སྐྱོང་དུས་མཚམས་སུ་སླེབས་ཡོད་པ་རེད། 2024ལོའི་དུས་ཐེངས་གཉིས་པའི་ལས་གྲྭ་ཡང་དེ་གོང་དང་འདྲ་བར་འཕེལ་རིམ་མགྱོགས་པོ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་71564.2ཟིན་པའི་ལས་གྲྭ་དེར་ཨར་ལས་ཀྱི་འོས་མཚམས་14ཡོད་པ་རེད། མིག་སྔར་ལྕང་སོན་རྐང་7847592གྲ་སྒྲིག་བྱས་ཡོད་པ་དང་། ནགས་བཟོའི་ས་དོང་ཁག་6086963དྲུས་ཟིན་ཡོད།

    ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས(དུས་ཐེངས་གཉིས་པ)ཆུ་ཤུར་ཡུག་ཁུལ་ཁོ་ནར་ངལ་ནུས་མི་ཐེངས་110343སྤྱད་པར་མང་ཚོགས་ལ་ལས་ཞུགས་ཡོང་འབབ་སྒོར་ཁྲི་2206.8བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།