རང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཁག་གསུམ་པ་སྤེལ་རྒྱུ་ཡིན་པ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་ཆེད། ཉེ་ཆར་རང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཁག་གསུམ་པ་སྤེལ་ཏེ། ལམ་ལུགས་ཅན་གྱི་བཀོད་སྒྲིག་དང་གནད་འཁེལ་ཅན་གྱི་ལྟ་བཤེར་ཟུང་དུ་འབྲེལ་བ་བརྒྱུད། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་བྱས་པར་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་དེ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་ལས་དོན་གྱི་གཙོ་གནད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཇུག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་བཤེར་བྱེད་པ་སྣུར་སྲིང་དང་ཁ་གསབ་བྱེད་པར་བརྩི་གི་ཡོད། 2023ལོ་དང་2024ལོར་རང་སྐྱོང་ལྗོངས་ཀྱིས་ཁག་ཐེངས་གཉིས་སུ་ཕྱེ་ནས་གྲོང་ཁྱེར་དང་ས་ཁུལ་7ལ་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཁག་དང་པོ་དང་གཉིས་པ་སྤེལ་བར་གྲོང་ཁྱེར་དང་ས་ཁུལ་ཡོངས་སུ་ཁྱབ་པ་དང་། ཐེར་འདོན་ཡོངས་བསྒྲགས་ནང་ཞུགས་མཁན་མི་ཐེངས་ཁྲི་884ཟིན་པ། རིམ་རྩིས་བརྒྱབ་ན་ཡིག་འབུལ་ཞུ་བཅར་གྱིས་ཐེར་འདོན་བྱས་པའི་གྱོད་གཞི་759སྒྲུབ་སྤྲོད་བྱས་པ། ལྟ་ཞིབ་གནད་དོན་271ལན་སྤྲོད་བྱས་པ་དང་བཅོས་སྒྲིག་བྱ་ཐབས་727བཟོས་པ། དཔེ་མཚོན་གྱོད་གཞི་6ཁྱབ་བསྒྲགས་བྱས་ནས་ལྟ་བཤེར་གྱི་གདུབ་ཟུམ་དམ་ཚགས་ཆགས་པར་བྱས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་གསུམ་པ“2+3”གྱི་རྣམ་པ་སྤྱོད་རྒྱུ་ཡིན་པ་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱེད་པའི་ལྟ་བཤེར་ཚོགས་ཆུང་གཉིས་བཙུགས་ཏེ། བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་དང་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་དང་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་ལྗོངས་འདོམས་གཞུང་ཁོངས་ཁེ་ལས་གཉིས་ལ་འཆར་ཅན་གྱི་ལྟ་བཤེར་བྱ་རྒྱུ་ཡིན་ཞིང་། ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲིར་དམིགས་ཏེ། ནུས་ཕྱོད་ཆེ་བའི་ལྟ་བཤེར་བྱས་ནས་ལྗང་མདོག་དང་ཐཱན་ཉུང་གི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དང་། ལྗོངས་ཐད་གཏོགས་སྡེ་ཚན་གྱི་ཐིང་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱེད་པའི་ཆེད་དོན་ལྟ་བཤེར་ཚོགས་ཆུང་3བཙུགས་ཏེ། གྲོང་ཁྱེར་དང་ས་ཁུལ་7གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བཅོས་སྒྲིག་བྱས་པའི་གནས་ཚུལ་ལ“ཕྱིར་ལྟ”བྱ་རྒྱུ་ཡིན་ཞིང་། རེས་སྐོར་གཉིས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་ལ་དམ་པོར་དམིགས་ནས་བཅོས་སྒྲིག་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོབ་པར་འགན་ལེན་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་བཤེར་ཚོགས་ཆུང་གི་ཐེར་འདོན་ཁ་པར་ཁྱབ་བསྒྲགས་བྱས་པ་སྟེ། ཚོགས་ཆུང་དང་པོ། (བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་དང་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ)0891-6949329དང་། ཚོགས་ཆུང་གཉིས་པ། (བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ)0891-6374858དང་། 6509689 སྤྱི་ཚོགས་ལས་རིགས་ཁག་ནས་ཁུངས་སྣེ་མཁོ་འདོན་དང་ལྟ་སྐུལ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།