དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མལ་གྲོ་གུང་དཀར་རྫོང་གིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི”འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་པ།

    གྲོང་ཁྱེར་སྔོ་ལྗང་གོས་ཀྱིས་བརྒྱན། མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ལོ་འགོ་ཚུན། མལ་གྲོ་གུང་དཀར་རྫོང་གིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི”འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ཏེ་གྲོང་ཁྱེར་གྱི་ལྗང་མདོག་མ་ལག་སྤུས་ལེགས་འཛུགས་སྐྱོང་ལྟེ་བར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་སུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་སྤྱི་འདོམས་བཀོད་སྒྲིག་བྱས་པ། གྲོང་ཁྱེར་དུ་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྔོ་ལྗང་གིས་ཁེངས་པ་དང་གནས་འཕྲོད་ལས་འཚམ་གྱི་སྐྱེ་ཁམས་རྣམ་པ་ཞིག་རིམ་གྱིས་ཆགས་པར་བྱེད་བཞིན་ཡོད།

    མལ་གྲོ་གུང་དཀར་རྫོང་གི་མྱུར་བགྲོད་ལམ་མདོའི་ཨར་ལས་བྱ་ཡུལ་དུ་སྔོ་ལྗང་འདེབས་མཁན་གྱི་ལག་ཏུ་ལྕགས་ཁེམ་བཟུང་སྟེ་རྒྱ་ལྕང་དང་ཁམ་སྡོང་སོགས་ས་དོང་ནང་བྱང་ཆུབ་པོས་བཏབ་པ་དང་། དེ་རྗེས་ས་རྒྱོང་བ་དང་ཆུ་རྒྱག་པ་སོགས་ལྷུ་ཚིགས་ཚང་མར་ལྷོད་གཡེང་གཏན་ནས་གཏོང་གི་མེད། ཨར་ལས་ཀྱི་མྱུར་ཚད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག དེ་སྔའི་ས་སྟོང་དག་ལ་གང་མགྱོགས་སྐྱེ་སྟོབས་ཀྱི་དཔལ་འབར་ནས་སྔོ་ཐིང་ངེར་གྱུར་ཏེ་འགྲོ་ལམ་གཡས་གཡོན་དུ་སྔོ་ལྗང་གི་མཛེས་པ་བསྣན་པ་མ་ཟད། ད་དུང་གྲོང་ཁྱེར་འཛུགས་སྐྲུན་ལ་གསོན་ཤུགས་ཀྱང་བསྣན་ཡོད།

    ས་གནས་ས་ཐོག་གི་ལག་རྩལ་པ་ལེང་ཁྲང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗང་མདོག་ཇུས་འགོད་གཞིར་བཟུང་། ཁོང་ཚོས་གསོམ་ཤིང་དང་། རྒྱ་ལྕང་། ལི་ཤི། ཧའེ་ཐང་སོགས་ཤིང་རིགས་བདམས་ནས་བཏབ་པ་དང་ཆབས་ཅིག་ཉེ་འཁོར་དུ་སྤང་བཏབ་པས་མཐར་ལྟ་སྣང་དོད་ལ་ལྗོན་ཤིང་སྣ་ཁ་མང་བའི་ཡུལ་ལྗོངས་ཤིག་ཆགས་ཡོད། ཟླ་4ཚེས་1ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན། ཨར་ལས་ཚོགས་པས་ཤིང་འཛུགས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་ནུས་ཤུགས་ཡོད་རྒུས་ཨར་ལས་བྱས་པས། ཟླ་བ་གཅིག་ལ་འདེབས་འཛུགས་ལས་འགན་ལེགས་གྲུབ་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་གིས་ད་ལོའི་ཟླ་3པར་གྲོང་ཁྱེར་གྱི་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། འབྲེལ་ཡོད་ལས་གྲྭ་ཁྱབ་རྒྱ་ཆེ་བ་དང་ལས་འགན་ལྕི་ཞིང་། དེའི་ནང་ཁྱིམ་ཚང་གི་སྒོ་ར་10དང་། འགྲོ་ལམ་9 སྤྱི་གླིང་7 དེ་བཞིན་ས་སྟོང་4བཅས་ཚུད་པའི་ཁྱོན་གནས་30ཡོད་པ་རེད། མིག་སྔར། ལས་དོན་ཁག་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ཟླ་6པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་རྒྱུ་རེད། སྐབས་དེ་དུས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་ཧ་ཅང་ལེགས་སུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།