ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་གིས་མཆོང་གདུགས་རྣམ་གྲངས་ནང་འདྲེན་བྱས་པ།
དམའ་དབྱིངས་དཔལ་འབྱོར་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་འཁྲུག་ཏུ་འགྲོ་བར་རམ་འདེགས་ཐུབ་པ།
འདི་ནི་ཡུལ་སྐོར་བས་མཆོང་གདུགས་ཉམས་ལེན་བྱེད་བཞིན་པ།
ཟླ་ལྔ་པའི་ཡར་འབྲོག་གཡུ་མཚོའི་མཛེས་པ་ནི་གཞན་དང་མི་འདྲ་བ་ཞིག་ཡོད། ཧྲེང་ཀྲེན་ནས་ཡོང་བའི་ཡུལ་སྐོར་བ་ཀྲུའུ་ལགས་ཀྱིས་རྩལ་འཁྲིད་པའི་བཀའ་ཐོས་མ་ཐག་ས་བབ་མཐོ་ཚད་ལ་སྨི་5000ཟིན་པའི་རི་རྩེའི་གཡང་གཟར་ནས་ཐུར་དུ་མཆོངས་ཤིང་། མཆོང་གདུགས་ལ་རླུང་འཚངས་བའི་དབང་གིས་འཕྲལ་དུ་ནམ་མཁའི་མཐོངས་སུ་བཀྱགས་ཏེ་གཞུ་དབྱིབས་ཀྱི་ཐིག་མཛེས་པོ་ཞིག་ངང་གིས་འཐེན་པ་ནི་ཐང་དཀར་རྒོད་པོ་ཞིག་དང་འདྲ་བར་འོད་མདངས་འཚེར་བའི་མཚོ་ངོས་སུ་ལྡིང་ནས་མཐར་དལ་གྱིས་མཚོ་འགྲམ་དུ་བབས།
“དངངས་སྐྲག་དང་སྐྱིད་སྣང་མཉམ་དུ་ཡོང་གི་འདུག རི་རྩེ་ནས་མཚོ་འགྲམ་བར་གྱི་ཐད་ཀའི་མཐོ་ཚད་དེ་ཤར་ཕྱོགས་མུ་ཏིག་མཐོ་ལྕོག་ལས་མཐོ་བ་འདུག”ཅེས་ཀྲུའུ་ལགས་ཀྱིས་སྒྲིག་ཆས་ཕུད་ཞོར་མྱོར་ཚོར་ཟབ་མོས་བཤད།
མཆོང་གདུགས་ཀྱི་རྩལ་འཁྲིད་པས་རྣམ་གྲངས་དེ་ནི་གཙོ་བོ་རིའི་གཞོགས་ཀྱི་གྱེན་དུ་འཕྱུར་བའི་རླུང་རྒྱུན་ལ་བརྟེན་པ་ཞིག་ཡིན། དེའང་རླུང་ཤུགས་ལ་བརྟེན་དགོས་པས་གལ་སྲིད་རླུང་བུ་ཆེ་དྲགས་པ་དང་ཆུང་དྲགས་ན་མི་ཡོང་ལ། རླུང་ཕྱོགས་ལའང་ལྟ་དགོས་སྟབས་ཐང་དཀར་རྒོད་པོ་བཞིན་ནམ་འཕང་གཅོད་མཁན་ཞིག་ཏུ་འགྱུར་དགོས་ཚེ་དུས་ཚོད་དང་ངང་རྒྱུད་རིང་པོ་དགོས་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
ལོ་བཞི་ལྷག་ཙམ་གྱི་གོང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད། སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་གིས་གྲ་མ་ལུང་གྲོང་ཚོའི་ཡར་འབྲོག་གི་ལྗོངས་གཟིགས་སྒང་དང་པོའི་ནུབ་རྒྱུད་རི་རྩེར་མཆོང་གདུགས་རྣམ་གྲངས་ཐོག་མར་བཙུགས་ཤིང་། མ་གཞི་མཛེས་ལྗོངས་ཁུལ་གྱི་ལྟེ་བའི་ས་ཆ་ཡག་ཤོས་དེར་གནས་མོད། རྒྱུ་རྐྱེན་སྣ་ཚོགས་དབང་གིས་དེ་སྔའི་ཀུང་སི་དེ་མ་རྩ་རྡིབ་ནས་མཐའ་འཁྱོལ་མེད།
སྔར་ནས་ད་བར“ཡུལ་སྐོར་དུ་འོང་ཡང་འཛད་སྤྱོད་མི་བྱེད་པ་དང་། མཐའ་མཚམས་སྒྲོལ་ཡང་ཞག་སྡོད་མི་བྱེད་པ”ནི་སྣ་དཀར་རྩེ་རྫོང་གིས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཕྲད་པའི་འཇུར་མིག་གི་གནད་དོན་ཞིག་ཡིན་ལ། ཇི་ལྟར་བྱས་ནས“ཡུལ་སྐོར་བ་ཞག་སྡོད་ཐུབ་རྒྱུ”ནི་རྫོང་ཨུད་དང་རྫོང་སྲིད་གཞུང་སྐབས་རིམ་བྱུང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། དམའ་དབྱིངས་དཔལ་འབྱོར་དེ་འཛད་སྤྱོད་ཀྱི་གླེང་མང་ཤོས་སུ་གྱུར་ཏེ། མཐོ་དབྱིངས་མཆོང་གདུགས་དང་། མཆོང་གདུགས་སོགས་ཀྱི་རྣམ་གྲངས་ལ་ཀུན་གྱིས་དགའ་པོ་བྱེད་ཀྱི་ཡོད།
“ཡུལ་སྐོར་གྱི་ཐོན་ཁུངས་ཡག་པོ་འདི་འདྲ་ཡོད་ཀྱང་། ཁེ་ལས་ཀྱིས་ལས་གཉེར་ཡག་པོ་བྱེད་མི་ཐུབ་པར་ལས་གཉེར་བྱེད་མཚམས་འཇོག་དགོས་པ་ནི་ཧ་ཅང་ཕངས་པོ་རེད་འདུག”ཅེས་དཔལ་སྡེ་ཤང་གི་ལས་བྱེད་པས་ཕངས་སེམས་སྐྱེ་བཞིན་དེ་ལྟར་བཤད།
“མཆོང་གདུགས་རྣམ་གྲངས་ཀྱི་ཁྱད་ཆོས་དེ་ཡུལ་སྐོར་མྱོང་རོལ་བྱེད་ཟབ་ཏུ་གཏོང་རྒྱུ་དང་སྔར་བས་འཚམ་པ་ཞིག་རེད་ལ། ‘རྩེར་སོན་ཡུལ་སྐོར’འཕེལ་རྒྱས་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཀྱང་རེད”ཅེས་དཔལ་སྡེ་ཤང་གི་ཤང་ཀྲང་གཞོན་པ་ལིན་མེས་བཤད།
སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པར་བརྟེན་ནས་དཔལ་སྡེ་ཤང་གིས་ཆེད་དོན་ཚོགས་ཆུང་སྒྲིག་འཛུགས་ཀྱིས་དེ་སྔོན་རྣམ་གྲངས་ལམ་ལྷོངས་མ་བྱུང་བའི་ཉམས་མྱོང་དང་བསླབ་བྱར་དབྱེ་ཞིབ་གཏིང་ཟབ་བྱས་ནས “ནང་འདྲེན་ལ་མཐོང་ཆེན་གྱིས་དོ་དམ་ལ་སྣང་ཆུང་བྱེད་པའི་ལམ་རྙིང་པར་སླར་ཡང་བསྐྱོད་རྒྱུ་མེད་པའི”ངོས་འཛིན་བྱས། དཔལ་སྡེ་ཤང་གིས་སྣ་དཀར་རྩེ་རྫོང་གི་འགོ་ཁྲིད་ཀྱི་བླང་བྱར་གཞིགས་ནས། “སྲིད་གཞུང་གིས་སྣེ་ཁྲིད་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ཟུང་དུ་འབྲེལ་བའི”བསམ་ཕྱོགས་བཏོན་ཏེ། ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རྣམ་གྲངས་ཀྱི་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་ཡོད།
དེར་བརྟེན་དུས་ཡུན་ཉིན་100ལྷག་ཙམ་ཟིན་པའི་གནད་སྨིན་ཚོང་འགུགས་ཀྱི་འགག་སྒྲོལ་ལས་དོན་སྤེལ་འགོ་བརྩམས།
“དེ་སྔའི་ཁེ་ལས་ལ་གྱོང་གུན་ཕོག་མྱོང་བ་ཐོས་སྐབས། སེམས་ནང་དངངས་སྐྲག་སྐྱེས་ནས་འགན་གཙང་ལེན་མི་ཕོད་པ་ཞིག་བྱུང”ཞེས་ད་ཆའི་མཆོང་གདུགས་རྣམ་གྲངས་ཀྱི་འགན་འཁུར་བ་རེན་ཁོའོ་ཡིས་གསར་འགོད་པར་བཤད་བྱུང་། ཁོང་གི་སེམས་ནད་དེ་སེལ་ཆེད་ཤང་གི་ལས་བྱེད་པས་འབྲེལ་བ་བྱས་པ་བརྒྱུད་གྲ་མ་ལུང་དང་ཀུང་སིའི་དབར་རང་འགུལ་ངང་འབྲེལ་ལམ་བཙུགས་ཤིང་། ངོ་འཕྲད་གྲོས་མོལ་ཐེངས་འགའ་བྱས་རྗེས་ཕྱོགས་གཉིས་པོའི་དབར་ངོས་འཛིན་གཅིག་མཐུན་བྱུང་ནས་གྲོང་ཚོས་ཀུང་སིར་རང་འགུལ་ངང་ཁེ་བཟང་སྤྲད་ནས་བོགས་དངུལ་ཆག་ཡང་བཏང་བ་རེད། འདི་ལོའི“ལྔ་གཅིག”ངལ་གསོའི་རིང་། ཀུང་སི་དང་གྲོང་ཚོའི་དབར་དངོས་སུ་གན་རྒྱ་བཞག་སྟེ། ལོ་རེར་ས་ཆའི་བོགས་དངུལ་སྒོར་ཁྲི་6.5སྤྲོད་པའི་ཐོག་ནས་མཆོང་གདུགས་རྣམ་གྲངས་སླར་ཡང་མཚོ་འགྲམ་དུ་ལག་ལེན་བསྟར་འགོ་ཚུགས་པ་རེད།
རྣམ་གྲངས་ལག་ལེན་བསྟར་བ་དང་བསྟུན་ནས་གནད་དོན་གསར་པའང་གཅིག་རྗེས་གཉིས་མཐུད་ངང་ཐོན་འགོ་ཚུགས། “ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཡག་ཤོས་ནི་སྔ་དགོང་རེད། ཞོགས་པར་རླུང་ཤུགས་དང་རླུང་ཕྱོགས་བརྟན་པོ་ཡོད་པས་མཆོང་གདུགས་འཕུར་བར་་འཚམ་པོ་ཡོད། ཡིན་ནའང་ཡུལ་སྐོར་བ་མང་ཆེ་བ་ལྷ་ས་ནས་འདི་གར་སླེབས་དུས་ཉིན་གུང་ཟིན་གྱི་ཡོད། ཡར་འབྲོག་གཡུ་མཚོ་གནས་སའི་ས་བབ་མཐོ་བས་འདི་གར་ཞག་སྡོད་བྱས་ཏེ་ཉིན་གཉིས་པའི་ཞོགས་པར་མཛེས་ལྗོངས་རོལ་མྱོང་དང་མཆོང་གདུགས་ཉམས་ལེན་བྱེད་མཁན་མང་པོ་མི་འདུག”ཅེས་ལིན་མེས་གསར་འགོད་པར་ངོ་སྤྲོད་བྱས། གནད་དོན་དེར་དམིགས་ནས་དཔལ་སྡེ་ཤང་དང་གྲ་མ་ལུང་གྲོང་ཚོས་རི་བོ་ཆེན་པོའི་གཞོགས་ཀྱི་ས་བབ་མཐོ་ཚད་ཅུང་དམའ་བའི་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་དང་མཉམ་ལས་བྱེད་རྩིས་ཡོད་པ་རེད།
ལིན་མེས“བྱང་ཐང་གྲོང་རྡལ་ནས་རི་རྩེའི་བར་རླངས་འཁོར་བཏང་ཚེ། ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད་པས་གོམ་སྟབས་རྗེས་མར་ང་ཚོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་མཆོང་གདུགས་རྣམ་གྲངས་ལ་དམིགས་ནས་ཡུལ་སྐོར་བར་དེ་བས་འཚམ་པའི་ཡུལ་སྐོར་ལམ་ཐིག་སྤུས་ལེགས་དང་འཐབ་ཇུས་འདོན་རྒྱུ་ཡིན”ཞེས་བཤད།
ལིན་མེས“ལྷོ་ཁ་གྲོང་ཁྱེར་དུ་མི་ཆོས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ང་ཚོས་ལྗོངས་གཟིགས་སྒང་ཁག་ཏུ་ཞབས་བྲོའི་རུ་ཁག་མངགས་ནས་ཡུལ་སྐོར་བ་ཚོར་འཁྲབ་སྟོན་བྱེད་རྩིས་ཡོད་པ་མ་ཟད། བསྲེགས་ཟས་དང་། ཞོ། སྒོ་ངའི་བག་ལེབ། ཀོག་ཧྥེ་སོགས་རྣམ་གྲངས་མང་དུ་བཏང་སྟེ། སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་ཐག་རིང་གི་སྐུ་མགྲོན་ཚོའི་ཡིད་དབང་འགུག་རྒྱུ་ཡིན་ལ། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱང་ཕྱིར་ཚོང་བྱེད་རྩིས་ཡོད། ང་ཚོས་ད་དུང་རྫོང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་ཡུལ་དེ་གའི་མཆོང་གདུགས་རྩལ་འཁྲིད་པ་གསོ་སྐྱོང་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་དངོས་སུ་བྱེད་རྩིས་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།