གཞིས་རྩེས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གཙང་གླས་གནམ་གྲུ་ཐེངས་དང་པོ་བསུས་པ།
ཉིན་ཤས་གོང་། དུས་གཏན་གནམ་གྲུ་TV9971གཞིས་རྩེའི་ཞི་བདེ་གནམ་ཐང་དུ་བདེ་བླག་ངང་བབས་པ་དང་བསྟུན་ནས་གཞིས་རྩེ་གྲོང་ཁྱེར་གྱིས་རི་པིན་དང་ཨ་ཀེན་ཐིན་ནས་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་67བསུས་པ་རེད། དེ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་སུ་ཡོང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་སྐོར་ཚོགས་པ་ཞིག་ཡིན་ལ། གཞིས་རྩེར་འབྱོར་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གཙང་གླས་གནམ་གྲུ་ཐེངས་དང་པོ་དང་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ཀྱི་ཁྱད་ལྡན་བྱེད་སྒོ་དང་པོ་དེའང་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ནང་རི་པིན་གྱི་ཡུལ་སྐོར་བ་གཙོ་བོ་ཐོ་ཁེའོ་དང་ཏ་པན་སོགས་ནས་ཡོང་བ་དང་སློབ་ཆེན་སློབ་ཐོན་སློབ་མའི་ཡུལ་སྐོར་ན་གཞོན་ཚོགས་པས་གཙོ་བོ་བྱས་པ་དང་། ཨ་ཀེན་ཐིན་གྱི་ཡུལ་སྐོར་བ་གཙོ་བོ་སར་ཐ་ཞིང་ཆེན་ནས་ཡོང་བ་དང་གཞོན་ནུ་ལོ་ཆུང་གི་ཚོགས་པ་གཙོ་བོ་རེད། བོད་དུ་སྡོད་རིང་། ཁོང་ཚོ་གཞིས་རྩེ་དང་ལྷ་ས་སོགས་ཀྱི་མཛེས་ལྗོངས་ཁུལ་གྲགས་ཅན་དུ་ཡུལ་སྐོར་དུ་བསྐྱོད་རྒྱུ་རེད། རི་པིན་གྱི་ཡུལ་སྐོར་བ་ཧྲི་ཉི་ཡིས་བོད་དུ་ཡོང་ཐེངས་དང་པོ་ཡིན་པས། དྲ་རྒྱ་ནས་ཀྲུང་གོའི་བོད་ལྗོངས་སྐོར་གྱི་ཤེས་བྱ་སྔོན་ལ་རྒྱུས་ལོན་བྱས་པ་ཡིན། ད་ཐེངས་བོད་དུ་ཡོང་ནས་བོད་ཀྱི་རིག་གནས་དེ་བས་ཤེས་རྟོགས་བྱ་རྒྱུ་མ་ཟད། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་བྱེད་ཀྱི་ཡིན་ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཞའོ་ཧྥུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གཙང་གླས་གནམ་གྲུའི་བྱེད་སྒོ་སྤེལ་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་བསྟུན་མཁས་དང་སྒོ་དབྱེའི་གཞིས་རྩེར་ཡུལ་སྐོར་དུ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།