དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆུ་ཤུར་རྫོང་གིས་ནགས་བཟོའི་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    ཉེ་ཆར། ས་བབ་སྨི་3600ཙམ་ཡོད་པའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཆུ་ཤུར་ཡུག་ཁུལ་དུ་ཆེད་ལས་པས་བྱང་ཆ་དོད་པོས་མི་མེད་གནམ་གྲུ་བཀོལ་བཞིན་ཡུན་ཧྲན་གསོམ་ཤིང་གི་སྡོང་ཕྲུག་གཡང་གཟར་རི་ལྡེབས་སུ་སྐྱེལ་བ་དང་། མང་ཚོགས་བརྒྱ་ཙམ་གྱིས་ས་རྒྱོང་བ་དང་སྐྱེ་ལྡན་ལུད་སྟོར་བའི་ངལ་རྩོལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་སྣང་།

    རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ངོས་ནགས་བཟོའི་ལས་གྲྭ་ཐོག་མའི་འཐབ་ས་གལ་ཆེན་ཞིག་ཡིན་པའི་ཆུ་ཤུར་རྫོང་གིས་ཚན་རྩལ་གསར་གཏོད་དང་སྲོལ་རྒྱུན་ངལ་རྩོལ་མཉམ་འདྲེས་ཀྱི་རྣམ་པ་སྤྱད་ཅིང་། མི་མེད་གནམ་གྲུར་བརྟེན་ནས་གཡང་གཟར་བའི་རི་ངོས་སུ་སྡོང་ཕྲུག་སྐྱེལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། སྐྱེ་ལྡན་ལུད་ཀྱིས་སྲོལ་རྒྱུན་ལུད་ཀྱི་ཚབ་བྱས་ནས་གསོན་ཚད་མཐོ་རུ་གཏོང་བ། རིག་ནུས་ཐིགས་ཆུ་གཏོང་བའི་མ་ལག་གིས་ཆུ་གྲོན་ཆུང་ཡོང་ཐབས་བཅས་བྱས་ཡོད། ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འཐབ་ས་དང་པོའི་ལས་ཀར་ལྟ་སྐུལ་བྱས་ནས“རྫོང་གིས་སྤྱི་འདོམས་བྱེད་པ་དང་། ཤང་གིས་དོན་འཁྱོལ་བྱེད་པ། གྲོང་ཚོས་འགན་གཙང་ལེན་པ”བཅས་ཀྱི་རིམ་གསུམ་མ་ལག་བསྐྲུན་ནས་ཆུ་གློག་མཁོ་འདོན་དང་སྡོང་ཕྲུག་སྐྱེལ་འདྲེན་སོགས་ཀྱི་དཀའ་གནད་20ལྷག་ཙམ་བསལ་ཏེ་ལས་ཁུལ་14ཡི་འཆར་གཞི་ལེགས་པར་བཀོད་ནས་ལས་ཕྱོད་ཆེན་པོས་ལས་ཀ་སྒྲུབ་པར་སྐུལ་འདེད་བཏང་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་2022ལོར་འགོ་བཙུགས་ཚུན། ཆུ་ཤུར་རྫོང་གིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་10.59བྱས་པ་དེ་ཤིས་ཧུའུ་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱི་སྔོ་སའི་རྒྱ་ཁྱོན་1.2དང་མཚུངས་ཡོད། 2024ལོའི་དུས་ཐེངས་དང་པོའི་ལས་གྲྭའི་མུའུ་ཁྲི་3.43གྱི་ནགས་བཟོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། དུས་ཐེངས་གཉིས་པའི་མུའུ་ཁྲི་7.16བསྐྲུན་པར་གང་མགྱོགས་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་སྡོང་ཕྲུག་ཁྲི་784འདེབས་གསོ་དང་དོང་ཁུང་ཁྲི་608འདྲུ་བའི་ལས་འགན་ལེགས་གྲུབ་ཟིན་ཡོད། ལས་གྲྭ་འཛུགས་སྐྲུན་བྱེད་པ་དེ་མང་ཚོགས་འབབ་འཕར་ཡོང་བའི“ལྗང་མདོག་དངུལ་ཁང”དུ་གྱུར་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ཁོ་ནས་ས་གནས་དེ་གའི་ངལ་ནུས་མི་ཐེངས་ཁྲི་11སྤྱད་པ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2206.8ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཕྱོགས་ཁག་གི་རྒྱུན་མཐུད་འབད་འཐབ་འོག ཐོག་མར་སྐྱེ་ཁམས་ཉམས་ཞན་ཡིན་པའི་ས་ཁོངས་སུ་ད་ཆ་སྔོ་ཐིང་ངེར་གྱུར་ནས་སྐྱེ་ཁམས་སྲུང་བཅད་བརྟན་པོ་ཞིག་ཏུ་གྱུར་བཞིན་ཡོད་པས། སྐྱེ་ཁམས་ལ་ཕན་འབྲས་ཐོན་པ་དང་དམངས་འཚོར་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།