དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔལ་འབར་རྫོང་ཕུ་ཡུལ་གྲོང་ཚོ་དང་པོས་འཁྱགས་རོམ་ཡུལ་ལྗོངས་ལ་བརྟེན་ནས་དཔལ་འབྱོར་འཕར་ཐབས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    དགུང་སྔོན་སྤྲིན་དཀར་འོག་ཞང་ཀེ་ལ་གཤམ་དང་སྦྲེལ་བའི་འཁྱགས་རོམ་དངུལ་གྱི་མེ་ལོང་ཇི་བཞིན་རབ་ཏུ་དྭངས་པ་དང་། གོང་དཀར་འཁྱག་ཕུག་ནི་ཨིནྡྲ་ནཱི་ལའི་ཕྲ་རྒྱན་བཏབ་པ་ཇི་བཞིན་རབ་ཏུ་མཛེས་པས་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་མིག་ལམ་དུ་བཤམས་ཡོད།

    ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་གིས་གྲོང་སྡེ་ཞིག་ལ་འགྱུར་ལྡོག་ཇི་འདྲ་བྱུང་མིན་སྐོར་དྲིས་ཚེ། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཕུ་ཡུལ་གྲོང་ཚོ་དང་པོ་ནི་ལན་ཡག་ཤོས་ཤིག་རེད། འཁྱགས་རོམ་གྱི་གཤམ་དུ་གནས་པའི་གྲོང་སྡེ་དེས་ལོ་གསུམ་ཙམ་རིང“གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཞེས་པར་འགྲེལ་བཤད་གསལ་པོར་བརྒྱབ་ཡོད།

    “འཁྱག་དོང་དེ་མ་རྙེད་གོང་གྲོང་མི་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་སྲོལ་རྒྱུན་ཞིང་ལས་དང་། འབྲོག་ལས། དབྱར་རྩྭ་དགུན་འབུ་བཅས་ལ་བརྟེན་དགོས་པས། དཔལ་འབྱོར་གྱི་གྲུབ་ཆ་རྐྱང་པ་ཡིན་པ་མ་ཟད་ཡོང་འབབ་ཀྱང་ཧ་ཅང་དམའ་པོ་ཡོད”ཅེས་ཕུ་ཡུལ་གྲོང་ཚོ་དང་པོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལི་ཤིན་གྱིས་བཤད། 

    དེ་སྔའི་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཕུ་ཡུལ་གྲོང་ཚོ་དང་པོ་དེ་ད་ཆ་གངས་རིའི་འདབས་ཀྱི་གཅེས་ཕྲུག་ཏུ་གྱུར་ཡོད། གྲོང་ཚོར་བསྐྱོད་མ་ཐག་ཐོག་ཁའི་ཚོས་གཞི་དམར་པོ་དང་གྱང་ལྡེབས་ལ་ཚོན་རྩི་དཀར་པོ་བྱུག་པའི་བོད་བཟོའི་སྡོད་ཁང་སྟེང་སྐར་ལྔའི་དར་དམར་རེ་རེ་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་ཐུབ། གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་ཚོས་གཅིག་མའི་འཁོར་བཞིའི་སྦག་སྦག་གྲལ་འགྲིག་པོས་བཞག་ཡོད་པ་དང་གྲོང་མི་འགའ་རེས་སྦག་སྦག་བཏང་ནས་ཡུལ་སྐོར་བ་འཁྱག་དོང་དུ་ལྟ་སྐོར་ལ་ཁྲིད་རྩིས་བྱེད་བཞིན་འདུག

    འཁྱག་དོང་དུ་འབྱོར་རྗེས་དེའི་མཐོ་ཚད་ལ་སྨི་1ཙམ་ལས་མེད་པས་སྒུར་སྒུར་བྱས་ནས་འགྲོ་དགོས། དེའི་ནང་སླེབས་རྗེས་རིམ་གྱིས་རྒྱ་ཆེ་རུ་འགྲོ་བ་དང་སྦུག་གི་ལྟ་ན་སྡུག་པའི་ཡུལ་ལྗོངས་ལས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག འཁྱགས་ལྡེབས་ཀྱི་ཟབ་ཟར་སྔོ་ཐིང་ཐིང་ཡིན་པ་དེ་གནམ་སྔོན་དང་གཉིས་སུ་མ་མཆིས། འཁྱག་དོང་གི་རྒྱ་ཆེ་ཤོས་སུ་འཁྱགས་སྟེགས་ཤིག་ཡོད་པས་ཡུལ་སྐོར་བས་དེ་གའི་མཛེས་ལྗོངས་པར་བརྒྱབ་ནས་དྲན་རྟེན་དུ་བྱེད་ཀྱི་ཡོད།

    ན་ནིང་འཁྱག་དོང་གི་རིག་གནས་ཡུལ་སྐོར་སླར་ཡང་རིམ་སྤོར་བྱུང་བ་དང་དཔལ་འབར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒོར་ཁྲི་བརྒྱ་ཙམ་བཏང་ནས་འཁོར་བཞིའི་བྱེས་བགྲོད་སྦག་སྦག་50ཙམ་ཉོས་ཏེ་ཕུ་ཡུལ་གྲོང་ཚོ་དང་པོའི་གངས་དཀར་འཁྱག་དོང་གི་བྱེས་བགྲོད་ཉམས་ལེན་རྣམ་གྲངས་ལ་སྤྱད་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབར་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་75ལྷག་ཙམ་བརྩོན་ལེན་བྱས་ནས་ཕུ་ཡུལ་གྲོང་ཚོ་དང་པོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་ཐོག་སོ་གཉིས་པའི་ལྗོངས་གཟིགས་ཟ་ཁང་རྒྱས་སྐྲུན་ལ་སྤྱད་དེ། ཡུལ་སྐོར་བས་དེ་གར་སྤྲོ་གསེང་ངལ་གསོ་དང་ལྗོངས་གཟིགས་ཇ་འཐུང་ལ་རོལ་ཐུབ་པ་དང་། རྣམ་གྲངས་དེ་བསྐྲུན་ཟིན་ནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། འཁྱག་དོང་གིས་ཡིད་དབང་འཕྲོག་པའི་རྐྱེན་གྱིས་2024ལོར་ཕུ་ཡུལ་གྲོང་ཚོ་དང་པོས་ཡུལ་སྐོར་བ་མི་ཐེངས་ཁྲི་32ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    2023ལོའི་ཟླ་7པར་ཕུ་ཡུལ་གྲོང་ཚོ་དང་པོའི་གྲོང་ཚོ་ཨུ་ལྷན་གྱིས་མ་རྩ་འཇོག་འདོད་ཡོད་པའི་ཚོང་པ་དྲངས་ནས་མངགས་བཅོལ་ཚོང་གཉེར་འདོད་མོས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ་གྲོང་ཚོའི་བེད་མེད་དུ་བཞག་པའི་སྒེར་ཁང་དེ་བཟའ་བཏུང་དང་། སྡོད་གནས། སྤྲོ་གསེང་བཅས་གཅིག་ཏུ་འདུས་པའི་དམངས་སྲོལ་གནས་ཚང་དུ་བསྐྲུན་ཡོད་པ་རེད།

    གྲོང་མིའི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ནས་དཔལ་འབར་རྫོང་ཕུ་ཡུལ་གྲོང་ཚོ་དང་པོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལྷ་དར་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གིས་སེམས་འགུལ་ཐེབས་བཞིན་གསར་འགོད་པར“ད་ལྟའི་འཚོ་བ་ལེགས་སུ་ཕྱིན་པ་དང་སྦྲགས་གྲོང་ཚོའི་ནང་འཇིབས་ཆུང་ཡང་མང་དུ་ཕྱིན་ནས་ཕྲུ་གུ་བསུ་སྐྱེལ་དང་ཕྱིར་སྐྱོད་ལ་ཧ་ཅང་སྟབས་བདེ་འདུག”ཅེས་བཤད།

    ལྗོངས་གཟིགས་སྒང་ནས་རྒྱང་ལྟ་བྱེད་སྐབས་འཁྱགས་ཀླུང་གི་བཞུར་ཆུ་ལྷུང་ལྷུང་རྒྱུགས་ཤིང་། དེ་སྔའི་རྡོ་གྱང་ཁྲ་ཁྲ་དེ་ད་ཆ་སྙན་ངག་གི་ཉམས་འགྱུར་ལྡན་པའི་གཞིས་ཆགས་ཡུལ་དུ་གྱུར་ཡོད། ཕུ་ཡུལ་གྲོང་ཚོ་དང་པོའི་གཏམ་རྒྱུད་ལས་སྲོལ་རྒྱུན་གྱི་གྲོང་ཚོར་དེང་རབས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ཚེ་བེད་མེད་དུ་བཞག་པའི་ཐོན་ཁུངས་དག་འཕེལ་རྒྱས་ཀྱི་མ་རྩར་གྱུར་ནས་གྲོང་གསེབ་དར་རྒྱས་ཀྱི་རི་མོའི་ཐོག་མི་སེམས་འགུལ་བའི་གངས་འཁྱགས་དཔལ་འབྱོར་གྱི་རི་མོ་ཞིག་རྩོམ་ཐུབ་པ་ར་སྤྲོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།