ཤིང་འཛུགས་ནགས་བཟོ་བྱས་ནས་སྔོ་ལྗང་རི་ཀླུང་མཉམ་དུ་སྐྲུན།
—— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ལྗང་མདོག་ལ་བརྟེན་ནས་སྐྱེ་ཁམས་སྐྱོང་བའི་གཞི་རྩ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་བྱས་ཏེ། ལྗང་མདོག་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
ལས་རིམ་གསལ་འགོད་བྱས་པས་ཤིང་འཛུགས་ནགས་བཟོ་བྱེད་པའི་སེམས་ཤུགས་འཕེལ་བ།
དེ་སྔ་སྣེ་གདོང་ཆུས་སུ་རྩི་ཤིང་ཉུང་བས་དཔྱིད་ཀ་བྱེ་རླུང་འཚུབ་པ་དང་། དབྱར་ཁ་ཆར་ཞོད་ཀྱི་གནོད་འཚེས་རྐྱེན་པས་ཆུ་རུད་དང་རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་ཡང་སེ་ཐོན་ནས་རང་བྱུང་ཁོར་ཡུག་ཞན་པས་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེས་ན“ཤིང་འཛུགས་ནགས་བཟོ་བྱས་ནས་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་རྒྱུ”དེ་ཡུལ་དེའི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་བསམ་འདུན་ལ་གྱུར་ཡོད།
བྱེ་རླུང་བཀག་ནས་སྐྱེ་ཁམས་ལེགས་སུ་གཏོང་ཆེད། སྣེ་གདོང་ཆུས་ཀྱིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ལྟ་འདོམས་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས། དཔྱིད་དུས་ཤིང་འཛུགས་པའི་དུས་བཟང་ལ་དམ་འཛིན་ལྷོད་མེད་ཀྱིས་ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། ལས་རིམ་གསལ་འགོད་བྱེད་པ། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་སྣ་དང་འཕྲུལ་ཆས་དུས་ཐོག་ཏུ་ཤིང་འཛུགས་སར་བཏང་བ་དང་། ཆུ་གཏོང་བ་དང་། ར་སྐོར་བསྐོར་བ། ཆུ་འདྲེན་མདོང་ལམ་འདིང་བ། ཆུ་རྫིང་བཟོ་བ། སྡོང་ཕྲུག་སྐམ་པོ་གཙང་སེལ་སོགས་འཕྲལ་དུ་བྱས་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷོ་རི་བྱང་རིའི་2024ལོ་འཁོར(ལྷོ་ཁའི་དུམ་བུ)གྱི་སྣེ་གདོང་ཆུས་ཀྱི་ནགས་བཟོ་ནགས་སྐྱོང་གི་སྔོན་འཛུགས་རྗེས་གསབ་ལས་གྲྭའི་དུས་ཐེངས་གཉིས་པ་2024ལོའི་ཟླ་7པར་ཕྱོགས་ཡོངས་ནས་ལས་འགོ་བཙུགས་ཚུན། ཡུག་ཁུལ་4ནགས་བཟོ་སྔོ་འགྱུར་བྱས་པར་སྤྱིའི་རྒྱ་ཁྱོན་མུའུ་5893.8ཟིན་ཡོད། ལྷོ་རི་བྱང་རིའི་2025ལོ་འཁོར(ལྷོ་ཁའི་དུམ་བུ)གྱི་སྣེ་གདོང་ཆུས་ཀྱི་ནགས་བཟོ་ནགས་སྐྱོང་གི་སྔོན་འཛུགས་རྗེས་གསབ་ལས་གྲྭའི་དུས་ཐེངས་གཉིས་པར་ཡུག་ཁུལ་7ནགས་བཟོ་སྔོ་འགྱུར་བྱས་པར་སྤྱིའི་རྒྱ་ཁྱོན་མུའུ་14240.4ཟིན་པ་དང་ནགས་བཟོ་སྔོ་འགྱུར་ལས་གྲྭ་ཚ་ཚ་འུར་འུར་ངང་ལག་བསྟར་བྱེད་བཞིན་ཡོད་པ་རེད།
འཚོ་རྟེན་ལས་སྤྲོད་བྱས་པས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ།
2024ལོར་སྣེ་གདོང་ཆུས་ཀྱིས་འཚོ་རྟེན་ལས་སྤྲོད་ཀྱི་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ལ་ཤིང་འཛུགས་ནགས་བཟོའི་ནང་ཞུགས་པར་ཁྲིད་སྟོན་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ས་ཆ་དེ་གའི་ལས་མི་70%ལས་མི་ཉུང་བའི་འགན་ལེན་བྱས་ཡོད།
སྣེ་གདོང་ཆུས་སོ་དྲུག་ཤང་ཆ་ཐང་གྲོང་ཚོའི་ལོ་42ལ་སླེབས་པའི་གྲོང་མི་ཆུང་བདག་བཟའ་ཚོ་གཉིས་ཀྱིས་ནགས་བཟོ་སྔོ་འགྱུར་ལས་གྲྭ་དང་ཨར་འདམ་བཟོ་གྲྭར་ལས་ཀར་ཕྱིན་པས་ལོ་དེར་ཡོང་འབབ་སྒོར་ཁྲི་6ལྷག་བྱུང་སྟེ་དེ་གོང་དང་བསྡུར་ན་ལྡབ་གཉིས་ཙམ་འཕར་ཡོད། ཤིང་འཛུགས་ནགས་བཟོ་བྱེད་རིང་ཆུང་བདག་གིས་སྡོང་ཕྲུག་གདམ་ག་དང་། ས་རྒྱུ་ལེགས་བཅོས། སྡོང་ཕྲུག་འདེབས་འཛུགས་དང་གཡོག་བྱེད། ནད་དང་གནོད་འབུ་འགོག་བཅོས་སོགས་ཀྱི་ལག་རྩལ་ཡང་ཤེས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ནགས་བཟོ་སྔོ་འགྱུར་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་624དང་འཕྲུལ་ཆས་ལས་འབབ་འཕར་སྒོར་ཁྲི་105ཡོང་བར་སྐུལ་ཁྲིད་བྱས་ཡོད། ཤིང་བཏབ་པས་སྐྱ་ཐེར་ཐེར་གྱི་རི་བོ་སྔོ་ཐིང་ཐིང་དུ་གྱུར་པ་མ་ཟད། མི་སེར་གྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།
ཚན་རྩལ་གྱི་མཐུན་རྐྱེན་སྦྱར་བས་འདེབས་འཛུགས་དང་གཡོག་བྱེད་དེ་བས་གནད་སྨིན་བྱུང་བ།
ལྷོ་རི་བྱང་རིའི་ལས་གྲྭར་སྐུལ་འདེད་གཏོང་རིང་ཚན་རྩལ་གྱིས་འགག་རྩའི་ནུས་པ་ཐོན་ཡོད། སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་སྤུ་སྨད་གྲོང་ཚོའི་སྔོ་འགྱུར་ལས་ཡུལ་དུ་བསྐྱོད་སྐབས་གསར་འགོད་པས་མི་མེད་གནམ་གྲུས་སྐར་མ་གཅིག་ནང་ས་རྒྱུ་དང་སྡོང་ཕྲུག་རི་ལྡེབས་སུ་སྐྱེལ་བ་མཐོང་བྱུང་།
སྣེ་གདོང་ཆུས་ཀྱིས་མི་མེད་གནམ་གྲུས་ལྟ་ཞིབ་ཚད་ལེན་དང་། རྒྱང་ཚོར་ལག་རྩལ། ས་ཁམས་ཀྱི་ཆ་འཕྲིན་མ་ལག་སོགས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་ནགས་བཟོ་སྔོ་འགྱུར་ལས་གྲྭར་གནད་སྨིན་འཆར་འགོད་དང་། ཚན་རིག་དང་མཐུན་པའི་ལས་སྒྲུབ། དོ་དམ་ནུས་ལྡན་བཅས་བྱས་ཡོད། དེ་དང་ཆབས་ཅིག་སྣེ་གདོང་ཆུས་ཀྱིས་སྔར་ཡོད་རྩི་ཤིང་སྲུང་སྐྱོང་བྱ་རྒྱུ་སྔོན་ལ་འཇོག་པ་དང་མི་ཐབས་ཀྱི་ཉམས་གསོ་དང་རང་བྱུང་ཉམས་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྔོ་འགྱུར་འདེབས་འཛུགས་སྔར་བས་ལེགས་པ་བྱས་ཡོད།
སྣེ་གདོང་ཆུས་ཀྱི་ཤིང་འཛུགས་ས་ཚིགས་ཁག་ཏུ་གསར་འགོད་པས་ཡུལ་དེའི་ལས་བྱེད་མང་ཚོགས་ཚོས་བཏབ་པའི་སྡོང་ཕྲུག་རེ་རེས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། རླུང་འགོག་བྱེ་འཇགས་ཀྱི་ལྗང་མདོག་གི་ལྕགས་རི་རིང་པོ་བསྐྲུན་ཡོད་པའང་མཐོང་བྱུང་།