དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “ལྔ་གཅིག”གུང་གསེང་རིང་བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་དར་རྒྱས་ཆེན་པོ་བྱུང་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-10

    གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”གུང་གསེང་རིང་། བོད་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཞིང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་156.72ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.24%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་11.23བྱུང་བ་དེ་དུས་མཚུངས་ལས་འཕར་ཚད་15.18%ཟིན་ཡོད་པ་རེད།

    “ལྔ་གཅིག”གུང་གསེང་རིང་། བོད་ཀྱི་ས་གནས་ཁག་གི་རིག་གནས་ཡུལ་སྐོར་ཁྲོམ་རར་ཡོང་མཁན་ཧ་ཅང་མང་ཞིང་། གངས་རི་དང་། མཚོ། གྲོག་རོང་སོགས་རང་བྱུང་ཡུལ་ལྗོངས་དང་མངོན་མིན་ཤུལ་བཞག་བཟོ་ཁང་དང་དམངས་སྲོལ་གྲོང་ཚོ་སོགས་མི་ཆོས་རིག་གནས་སྣ་ཚོགས་ལས་བཀྲག་མདངས་འཚེར་ནས་བརྗིད་ཆགས་མཛེས་སྡུག་ལྡན་པའི་ས་མཐོའི་རི་མོ་མང་དག་གྲུབ་ཡོད། གྲོང་འདབས་སུ་ཤིང་ཏོག་འཐུ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། གྲོང་གསེབ་ཏུ་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་གསར་དར་ལས་རྣམ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་སྟེ། ཡུལ་སྐོར་བའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཡུལ་སྐོར་དགོས་མཁོ་བསྐངས་ཡོད། རང་བྱུང་གི་མཛེས་པ་ཉམས་སུ་མྱོང་བ་དང་ཆབས་ཅིག་ཡུལ་སྐོར་བས་ཀྱང་བོད་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ལྡན་པའི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་གོམས་གཤིས་ཉམས་ལེན་དང་མྱོང་ཚོར་ཟབ་མོ་བྱེད་བཞིན་ཡོད་པས། གུང་གསེང་དཔལ་འབྱོར་ལ་མཁོ་སྤྲོད་གཉིས་དར་དང་སྒུལ་ནུས་འཕེལ་བའི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    “ལྔ་གཅིག”གུང་གསེང་རིང་། བོད་ཀྱི་འཛད་སྤྱོད་ཁྲོམ་རར་དར་རྒྱས་ཀྱི་རྣམ་པ་མངོན་ཞིང་། ལྗོངས་ཡོངས་ཀྱི་བཟའ་བཏུང་སིལ་ཚོང་གི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁེ་ལས་43གྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1307.78ཟིན་པ་དེ་དུས་མཚུངས་ལས་6%འཕར་ཡོད་པ་རེད།

    གུང་གསེང་གི་སྔ་ནུབ་ཏུ་རང་ལྗོངས་ཀྱིས་བཟའ་བཏུང་དང་། རླངས་འཁོར། ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཆེད་དོན་འཛད་སྤྱོད་སྲིད་ཇུས་མང་པོ་བཏོན་ནས“བདེ་སྐྱིད་ལྡན་པའི་བོད་ལྗོངས། འཚོ་བ་གསར་པར་ལོངས་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཡོད། ས་གནས་ཁག་གིས་དང་ལེན་ཧུར་ཐག་ཞུས་ཏེ་ལྗོངས་ཡོངས་ཀྱི་གཅིག་གྱུར་གྲངས་འཛིན་ལས་སྟེགས་ལ་བརྟེན་ནས། འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་ཚོང་པས་རིན་གོང་གཅོག་པ་དང་ཁེ་ལས་ཀྱིས་ཁེ་ཟ་གྱོང་ཁུར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། བཅོས་སྣུམ་བཅས་ཀྱི་འཛད་སྤྱོད་ལ་ཁ་གསབ་སྤྲད་དེ་ཉོ་སྒྲུབ་དང་། ཡུལ་སྐོར། སྤྲོ་གསེང་སོགས་ཐད་ཀྱི་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ཀྱིས“ལྔ་གཅིག”གུང་གསེང་རིང་འཛད་སྤྱོད་གཅིག་སྡུད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་རྒྱུན་མཐུད་སྤེལ་ཡོད། མིག་སྔར། བྱེད་སྒོ་འདིར་ཞུགས་མཁན་ཚོང་དོན་ཚན་པ་1500ཙམ་ཟིན་པ་དང་། ཕྱིར་ཚོང་བསྡོམས་འབོར་ཁག་ཁྲི་12ལྷག་ཙམ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་ཁྲི་10204སྤྱད་དེ་འཛད་སྤྱོད་སྒོར་དུང་ཕྱུར་6.2ཐུབ་པར་སྐུལ་ཁྲིད་བྱས་ཡོད། ལྷ་ས་གྲོང་ཁྱེར་ཁོ་ནས་རྙིང་པ་གསར་པར་བརྗེ་བའི་ཐད་ཁ་གསབ་མ་དངུལ་སྒོར་ཁྲི་5434སྤྱད་པ་དང་། མ་དངུལ་སྤྱོད་ཚད་90%ལྷག་ཙམ་ཟིན་ནས་འཛད་སྤྱོད་སྒོར་དུང་ཕྱུར་3.6བྱེད་པར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།